༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)གྱི་ཨེ་ཤེ་ཡ་དབུས་མའི་ཕྱི་སྦྱོང་སློབ་མར་
འཕྲིན་ལན་སྤྲིངས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 05ཚེས་17ཉིན། 09:38】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)གྱི་ཨེ་ཤེ་ཡ་དབུས་མའི་ཕྱི་སྦྱོང་སློབ་མར་འཕྲིན་ལན་སྤྲིངས་ཏེ། ཁོང་ཚོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་རི་ཆུ་འབྲེལ་བ་དང་མཛའ་གྲོགས་ཟབ་ཅིང་ལས་དབང་གཅིག་ཏུ་འབྲེལ་ཡོད། 2013ལོར་ངས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཏུ“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”ཐུན་མོང་ཐོག་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་ཡིན། ལོ་10ཡི་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་མྱུར་བགྲོད་འཁོར་ལམ་ཐོག་བསྐྱོད་ནས་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མཛའ་གྲོགས་འབྲེལ་བ་མི་རབས་ནས་མི་རབས་བར་གྱི་བློ་སྟོབས་དང་འཇོན་ཐང་ལྡན་པའི་གཞོན་ནུས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཀྱི་ཡོད། ཁྱེད་ཚོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བའི་དཔང་པོ་དང་ཕན་པ་ཐོབ་མཁན་ཞིག་ཡིན་ལ་དེ་བས་ཀྱང་འཛུགས་སྐྲུན་པ་དང་བརྒྱུད་བསྒྲགས་བྱེད་མཁན་ཞིག་ཀྱང་ཡིན། ཁྱེད་ཚོས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མཛའ་གྲོགས་བྱ་གཞག་ནང་ཧུར་ཐག་ཞུགས་ཏེ། དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་གོའི་གཏམ་རྒྱུད་དང་ཨེ་ཤེ་ཡ་དབུས་མའི་གཏམ་རྒྱུད་ཡག་པོ་ཤོད་པ། མཛའ་གྲོགས་ཕོ་ཉ་དང་མཉམ་ལས་ཀྱི་སྦྲེལ་ཟམ་ཡག་པོ་ཞིག་བཅས་བྱས་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
ཉེ་ཆར། ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)གྱི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཕྱི་སྦྱོང་སློབ་མས་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོར་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་གླེང་བ་དང་། སློབ་སྦྱོང་ལ་འབད་བརྩོན་དང་། མཉམ་ལས་ལ་ཤུགས་སྣོན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་ཀྱི་ཆོད་སེམས་མཚོན་པར་བྱས་པ་རེད།
