༄༅།།མཚོ་སྔོན་དགའ་བདེར“ཁྲལ་གྲོན་ཉམས་ལེན་པས”ཁྲལ་བསྡུའི་ཞབས་ཞུ་སླར་ཡང་ལེགས་སུ་གཏོང་བར་རམ་འདེགས་བྱེད་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 05ཚེས་16ཉིན། 11:11】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཞབས་འདེགས་ཞུ་སྟངས་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དགའ་བདེ་རྫོང་ཁྲལ་དོན་ཅུས་ཀྱིས་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཁྲལ་འབྲེལ་མཚམས་སྦྱོར་སྒྲིག་གཞི་དང་། དེ་བཞིན་ཁྲལ་འཇལ་བའི་འཐུས་མི་བཅས་ཁྲལ་གཉེར་ཞབས་ཞུ་ཚོམས་ཆེན་དུ་གདན་དྲངས་ནས་ཁྲལ་གྲོན་ཞབས་ཞུའི་ཉམས་ལེན་བྱེད་སྒོ་སྤེལ་བ་རེད།
ཁྲལ་གཉེར་ཞབས་ཞུ་ཚོམས་ཆེན་དུ“ཁྲལ་གྲོན་ཉམས་ལེན་པས”སེམས་ནུས་ཡོད་རྒུས་རང་འཁྲིའི་ལས་ཀ་བྱེད་བཞིན་ཡོད་ཅིང་། ལ་ལས་ཁྲལ་འཇལ་བ་དང་གྲོན་སྐྱེལ་བའི་འགྲམ་དུ་བསྐྱོད་དེ་ཁོང་ཚོའི་དུས་རྒྱུན་གྱི་ཁྲལ་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་རེ་འདུན་ཤེས་རྟོགས་དང་འབྲེལ། ཁྲལ་འཇལ་བ་དང་གྲོན་སྐྱེལ་བས་དངོས་སུ་སེམས་ཁུར་བྱེད་པའི་གནད་དོན་ཐོ་བཀོད་དེ་ས་ཡུལ་དངོས་སུ་ཁྲལ་དོན་ལས་བྱེད་པའི་ས་ནས་ཐག་གཅོད་བྱེད་ཐབས་བློ་འདྲི་བྱེད་པ་དང་། ལ་ལས་ཁྲལ་དོན་ལས་བྱེད་པའི་འགྲམ་དུ་བསྐྱོད་དེ་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ཁྲལ་འཇལ་བ་དང་ཁྲལ་དོན་ལས་བྱེད་པའི་ངོས་ནས་ཁྲལ་གཉེར་གྱི་འབྲེལ་ཡོད་བརྒྱུད་རིམ་ཉམས་ལེན་གྱིས་ཁྲལ་འཇལ་བའི་ཁྲལ་འཇལ་ཞབས་ཞུའི་དགོས་མཁོ་ཤེས་རྟོགས་རྒྱ་ཁྱབ་བྱས་ཏེ་རྒྱུན་གཏན་ཁྲལ་གཉེར་གྱི་དཀའ་གནད་དང་འགག་གནད་ཤེས་རྟོགས་བྱས་པ་རེད།
“ཁྲལ་གྲོན་ཉམས་ལེན་པ”ལི་ཞུའེ་ཕུའུ་ཡིས། “བང་བསྒྲིགས་ནས་སྐད་གཏོང་བ་ནས་སྐར་ཁུང་དུ་ཁྲལ་དོན་སྒྲུབ་པའི་བར་ཁྲལ་དོན་མི་སྣའི་ལས་བགོས་ཁ་གསལ་བ་དང་། ཕན་ཚུན་གཞོགས་འདེགས། སེམས་རྩ་འཁོལ་བ། ཚོམས་ཆེན་གྱི་སྒྲིག་ལམ་ཡག་པ་བཅས་ཡོད་པས་ང་ལ་འཕྲལ་དུ་ཁྲལ་འབྲེལ་ཉམས་ལེན་གྱི་རྣམ་པ་བཟང་པོ་མྱོང་ཚོར་ཐུབ་བྱུང”ཞེས་བརྗོད། ཁྲལ་དོན་མི་སྣས་ཁྲལ་འཇལ་བར་ལག་ཐོགས་ཁ་པར་ནས་གནས་ཐང་འཕར་ཁྲལ་གྱི་གློག་རྡུལ་སྤ་སེ་ཚབ་གཉེར་བྱེད་སྐབས“ཉམས་ལེན་པས”ཀྱང་རང་འགུལ་ངང་ལག་ཐོགས་ཁ་པར་བཏོན་ནས་ཐོ་འགོད་དང་། རེ་ཞུ། སྐྱེལ་སྤྲོད། དངུལ་སྐྱེལ། འཛིན་ཤོག་འབྲི་བ། ཕབ་འཇུག་བཅས་བྱས་ནས་སྐར་མ་10ཡང་མ་འགོར་བར་སྤ་སེ་ཚབ་གཉེར་ཐུབ་ཀྱི་ཡོད། ལས་རྣམ་སླར་གསོ་དང་། ལས་གནས་བརྗེ་རེས། བརྩེ་སེམས་མཉམ་འགུལ་བཅས་བརྒྱུད“ཉམས་ལེན་པ”ཚོས་རྒྱུན་གཏན་གྱི་ཁྲལ་འབྲེལ་ལས་སྒོའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། དམངས་ཆེད་བྱ་བ་དངོས་སྒྲུབ་པའི་ཁྲལ་འཇལ་ཞབས་ཞུའི་ནང་ཧུར་ཐག་ཞུགས་ནས་རྫོང་ཅུས་ཀྱི་ཁྲལ་འབྲེལ་ཞབས་ཞུའི་བརྒྱུད་རིམ་ཁྲོད་ལྷག་པའི་གནད་དོན་ཡང་དག་པར་བཙལ་འཚོལ་བྱས་པ་མ་ཟད་ཚུར་ལན་ཡང་སྤྲད་དེ། ས་ཡུལ་དངོས་སུ་ཁྲལ་དོན་ལས་བྱེད་པ་དང་མཉམ་དུ་སྤེལ་རེས་བྱས་ནས་བསམ་འཆར་དང་གྲོས་འགོ་ཧུར་ཐག་བཏོན་པ་རེད།
“ལོ་རྒྱུས་སྙན་ངག་གི་དགའ་བདེའི”ཁྲལ་གྲོན་དང་།“སྐད་གཉིས”ཞབས་ཞུའི་ལས་དོན་ཁང་ལ་ལྟ་སྐོར་བྱས་རྗེས།“ཉམས་ལེན་པ”ལུའོ་ཧུང་ཀུའེ་ཡིས“ཁྱེད་ཚོའི་ཁྲལ་དོན་ཅུས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་བོད་རིགས་ལས་བྱེད་པའི་ལེགས་ཆ་འདོན་སྤེལ་དང་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ཁྲལ་འཇལ་བར་རང་སོའི་ཁྱད་ཆོས་ལྡན་པའི་ཞབས་འདེགས་ཞུ་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། སྐད་བརྡ་མི་འཕྲོད་པའི་འགོག་རྐྱེན་བསལ་བ་དང་ཁྲལ་འཇལ་བ་དང་གྲོན་སྐྱེལ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པས་དངོས་འབྲེལ་ཡག་པོ་འདུག”ཅེས་བསྔགས་བརྗོད་བྱེད་བཞིན་བཤད།
གོམ་སྟབས་རྗེས་མར་དགའ་བདེ་རྫོང་ཁྲལ་དོན་ཅུས་ཀྱིས“ཉམས་ལེན་པ”ཚོས་ཚུར་ལན་སྤྲད་པའི་གནད་དོན་གསེད་བཀྲོལ་ནན་ཏན་བྱས་ནས། གནད་དོན་གྱི་འབྱུང་རྩ་གནད་འཁེལ་འཚོལ་བ་དང་། “དམངས་བདེའི་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”དང་ཟུང་འབྲེལ་བྱེད་པ། ཞབས་འདེགས་ཞིབ་ཚགས་ཞུ་རྒྱུར་ཤུགས་སྣོན་ཧུར་ཐག་རྒྱག་པ། “ལོ་རྒྱུས་སྙན་ངག་གི་དགའ་བདེའི”ཁྲལ་གྲོན་དང“སྐད་གཉིས”ཞབས་ཞུའི་ལས་དོན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཁྲལ་བསྡུའི་དྲིལ་བསྒྲགས་ཞབས་ཞུའི་གཡུལ་ས་གཙོ་བོ་ཤུགས་ཆེན་བསྐྲུན་རྒྱུ་ཡིན་པ་རེད།
