༄༅།།ད་ལོ་ནས་བཟུང་ལག་ཁྱེར་འདི་མི་སྤྲོད་པ་རེད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 05ཚེས་15ཉིན། 14:23】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སློབ་གསོ་པུའུ། སྤྱི་བདེ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱིས་《མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་མི་དགོས་པར་བཟོ་བའི་འབྲེལ་ཡོད་འབྲེལ་མཐུད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》(གཤམ་དུ་《བརྡ་ཐོ་》ཞེས་བསྡུ་རྒྱུ་)ཁྱབ་བསྒྲགས་བྱས་པ་རེད།《བརྡ་ཐོའི་》ནང་2023ལོ་ནས་བཟུང་《རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་ཐོན་སློབ་མའི་ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་》དང་། 《རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་》(གཤམ་དུ་“ལས་ཞུགས་ཐོ་འགོད་ལག་ཁྱེར་”ཞེས་བསྡུ་རྒྱུ་)སྤྲོད་རྒྱུ་མིན་པ་དང་། ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་གསབ་སྤྲོད་འགྲོ་ལུགས་འགྲིམ་མི་དགོས་པར། མངགས་གཏོང་གི་འགྲོ་ལུགས་སུ་བསྒྱུར་ནས། ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་དེ་མཐོ་སློབ་སློབ་ཐོན་སློབ་མ་གདན་ཞུ་བསྡུ་སྤྱོད་དང་། གཞིས་ཆགས། ཡིག་ཚགས་བསྡུ་ལེན་བརྒྱུད་སྤྲོད་སོགས་ཀྱི་འགྲོ་ལུགས་འགྲིམ་དགོས་ངེས་ཀྱི་ཡིག་ཆར་མི་བརྩི་བ་རེད།
ཡིག་ཚགས་བརྒྱུད་སྤྲོད་འབྲེལ་མཐུད་ཐད། 《བརྡ་ཐོའི་》ནང་ཁ་གསལ་བཏོན་དོན། 2023ལོ་ནས་བཟུང་། རྩ་འཛུགས་མི་དོན་སྡེ་ཁག་དང་ཡིག་ཚགས་དོ་དམ་ཞབས་ཞུའི་སྒྲིག་གཞིས་མི་དོན་ཡིག་ཚགས་ཞིབ་བཤེར་དང་དོ་དམ་བྱེད་སྐབས། ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་དེ་ངེས་པར་དུ་ཉར་ཚགས་བྱེད་དགོས་པའི་ཡིག་ཆར་མི་བརྩི་བ་རེད། དེ་སྔའི་ཡིག་ཚགས་དཔྱད་ཡིག་ནང་གི་ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་མུ་མཐུད་ཉར་ཚགས་བྱེད་དགོས་པ་དང་། ཆད་ལུས་མེད་པ་རྣམས་གསབ་དགོས་ཀྱི་མེད། འབྱོར་ཐོ་འགོད་པའི་ལས་ཀའི་བརྒྱུད་རིམ་ཐད་མི་སྤྱོད་ཚན་པས་ངལ་རྩོལ་(གདན་ཞུ་)གན་རྒྱའམ་ཡང་ན་ལས་ཞུགས་གྲོས་མཐུན་ཡི་གེའམ་(དྲ་ཐོག་ཏུ་གྲོས་མཐུན་བཞག་པ་ཚུད་)ཡང་ན་མཐོ་སློབ་དཀྱུས་མའི་སློབ་གཉེར་ལག་ཁྱེར་རམ་ཡང་ན། ཕྱོགས་གཉིས་པོས་གྲོས་མཐུན་བཞག་པའི་ངོ་སྤྲོད་ཡི་གེའི་ཐོག་ནས་མཐོ་སློབ་སློབ་ཐོན་སློབ་མ་འབྱོར་ཐོ་འགོད་པའི་འགྲོ་ལུགས་འགྲིམ་ཆོག
《བརྡ་ཐོའི་》ནང་ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་དང་། མི་སྤྱོད་སྡེ་ཚན། མཐོ་སློབ་བཅས་ཀྱིས་དེ་སྔའི་ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་དང་འབྲེལ་བ་ཡོད་པའི་ལས་དོན་སྒྲུབ་པའི་སྒྲིག་སྲོལ་གོ་རིམ་ལེགས་སྒྲིག་ནན་ཏན་བྱས་ནས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་དང་། དཔང་རྟགས་དང་དཔྱད་ཡིག་ཁུ་བསྡུ་སྔར་ལྷག་བྱས་ཏེ། ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་མེད་པར་བཟོས་བའི་འབྲེལ་ཡོད་ལས་དོན་འབྲེལ་མཐུད་ཡག་པོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
