༄༅།།ཡུག་རེན་སོགས་རྒྱལ་ཁབ་ལྔར་འཚམས་འདྲི་གནང་རྒྱུ་རེད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 05ཚེས་15ཉིན། 14:22】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་5ཚེས་12ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས། ཀྲུང་གོ་ཕྱོགས་ཀྱིས་དེའི་གོང་ལ་གནས་འཕྲིན་སྤེལ་ནས། ཀྲུང་གོའི་སྲིད་གཞུང་གི་ཡོ་རོབ་དང་ཨེ་ཤ་ཡའི་ལས་དོན་གྱི་དམིགས་བསལ་འཐུས་མི་ཡུག་རེན་སོགས་རྒྱལ་ཁབ་ཏུ་འཚམས་འདྲིར་མངག་རྒྱུ་ཡིན་ཞེས་བརྗོད་ཡོད། འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གསལ་པོ་བྱེད་ཆོག་གམ་ཞེས་དྲིས།
ཝང་ཝུན་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་5ཚེས་15ཉིན་ནས་བཟུང་། ཀྲུང་གོའི་སྲིད་གཞུང་གི་ཡོ་རོབ་དང་ཨེ་ཤ་ཡའི་ལས་དོན་གྱི་དམིགས་བསལ་འཐུས་མི་གཞུང་ཚབ་ཆེན་མོ་བ་ལི་ཧུའེ་ཡུག་རེན་དང་། ཕོ་ལན། ཧྥ་རན་སེ། འཇར་མན། ཨུ་རུ་སུ་བཅས་རྒྱལ་ཁབ་ལྔར་འཚམས་འདྲིར་སྐྱོད་ནས། ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་ཐད་ཕྱོགས་ཁག་དང་འབྲེལ་གཏུག་བྱ་རྒྱུ་རེད།
ཡུག་རེན་གྱི་ཉམས་ཉེན་ཐོན་པ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་དོན་དངོས་དང་དྲང་གཞག་གི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། འདུམ་འགྲིག་དང་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་“དགོས་ངེས་བཞི་”དང་“ཐུན་མོང་བཞི་”དང་། “བསམ་གཞིག་གསུམ་”ནི་ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་བརྩི་སྲུང་ཞུ་བྱ་ཞིག་རེད། རྨང་གཞི་དེའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་《ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས་》ཀྱི་ཡིག་ཆ་ཁྱབ་བསྒྲགས་བྱས། དེའི་ཐོག་ནས་གོང་གསལ་གྱི་ལྟེ་བའི་བསམ་བློ་མཚོན་པ་དང་། ཕྱོགས་ཁག་གི་ལུགས་མཐུན་གྱི་དོ་ཁུར་བསྡུ་ལེན་བྱས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་ཤེས་དང་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། ད་ཐེངས་ཀྲུང་གོ་ཕྱོགས་ཀྱི་འཐུས་མི་འབྲེལ་ཡོད་རྒྱལ་ཁབ་ཏུ་འཚམས་འདྲིར་བསྐྱོད་པ་དེ་ནི་ཀྲུང་གོ་ཕྱོགས་ཀྱིས་འདུམ་འགྲིག་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱེད་པའི་མཚོན་ཚུལ་གཞན་ཞིག་ཡིན་ཞིང་། དེའི་ཐོག་ནས་ཀྲུང་གོ་ཕྱོགས་ཞི་བདེའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་ཡོད་པ་གང་ལེགས་མཚོན་ཡོད།
ཝང་ཝུན་པིན་གྱིས་བཤད་དོན། མིག་སྔར་ཡུག་རེན་གྱི་ཉམས་ཉེན་སྔར་བཞིན་ཛ་དྲག་ཏུ་འགྲོ་བ་དང་ཕྱིའི་ཕན་ནུས་རྒྱུན་མཐུད་ངང་ཐོན་ནས། དམག་མཚམས་འཇོག་དང་དུས་བབ་ཞི་ལྷོད་དུ་གཏོང་རྒྱུའི་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྒྲ་ཇེ་ཆེར་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་དམག་མཚམས་འཇོག་རྒྱུ་དང་། ཞི་བའི་གྲོས་མོལ་བྱེད་འགོ་འཛུགས་རྒྱུ། དུས་བབ་ལེགས་སུ་གཏོང་རྒྱུ་སོགས་ཀྱི་ཐད་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་དེ་བས་མང་པོ་གཅིག་ཏུ་བསྡུས་ནས། ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བྱས་རྗེས་འབུལ་འདོད་ཡོད།
