༄༅།།གངས་ལྗོངས་ས་མཐོའི་མཐའ་སྲུང་བ།
—— བོད་ལྗོངས་ཧོར་པ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་རྒྱལ་གཅེས་མཐའ་སྲུང་སྐོར་གྱི་མཐོང་ཐོས།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 05ཚེས་15ཉིན། 14:01】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འོད་ཟེར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཏུའུ་ཆན་དང་ཀརྨ་རྡོ་རྗེ།
གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཧོར་པ་ཤང་འདི་ཉིད་ཡར་ཀླུང་གཙང་པོའི་ཆུ་འགོར་གནས་པ་དང་ནེ་པ་ལ་དང་ས་མཚམས་འབྲེལ་ཡོད། 2011ལོར་ཤང་དེར་བཙུགས་པའི་ཧོར་པ་མཐའ་མཚམས་མངགས་གཏོང་ཁང་གིས་སྤྱི་ལེ་80ཡི་མཐའ་མཚམས་ལམ་ཐིག་དང་སྤྱི་ལེ་ངོས་གྲུ་2700ཡི་མངའ་ཁོངས་ཁུལ་གྱི་མཐའ་མཚམས་སྲུང་སྐྱོབ་དང་བདེ་འཇགས་དོ་དམ་གྱི་ལས་འགན་འཁུར་གྱི་ཡོད། ཁོངས་གཏོགས་ཁུལ་དུ་ལ་ཁ་གསུམ་ཡོད་ཅིང་། ལ་ཁ་ཚང་མའི་ཉེ་འགྲམ་དུ་ལས་སྒྲུབ་ས་ཚིགས་བཙུགས་ཡོད་པ་དང་མངགས་གཏོང་ཁང་གིས་དུས་བཀག་དང་དུས་ངེས་མེད་དུ་བཅའ་སྡོད་བྱ་ཡུལ་དུ་སྐོར་གཡེང་འགོག་སྲུང་བྱས་ནས་མཐའ་མཚམས་ཀྱི་བདེ་འཇགས་ལ་དོ་དམ་ཚོད་འཛིན་བྱེད་ཀྱི་ཡོད།
སུའོ་ཀྲང་འཇིགས་མེད་རྣམ་རྒྱལ་གྱིས་གསར་འགོད་པར“སྐོར་གཡེང་ལས་འགན་སྒྲུབ་རིམ་བཞིན་ང་ཚོ་གནས་སྤོས་མི་སེར་གྱི་ཉེན་རྟོག་པ་ཚང་མས་དེ་ཉིད་རྒྱལ་ཁ་ཐོབ་ངེས་ཀྱི་གཡུལ་འགྱེད་ཅིག་ལ་བརྩིས་ནས་ནུས་ཤུགས་ཡོད་རྒུ་འདོན་པ་དང་། དཀའ་ངལ་མང་པོ་འཕྲད་ཀྱང་ཕྱིར་བཤོལ་གཏན་ནས་བྱེད་ཀྱི་མེད། གང་ལགས་ཤེ་ན། ང་ཚོའི་མིག་མདུན་དུ་ས་མཚམས་རྡོ་རིང་ཡོད་པ་དང་རྒྱབ་ཏུ་མེས་རྒྱལ་ཡིན་པ་གསལ་པོར་ཤེས་ཀྱི་ཡོད”ཅེས་བཤད། ཕུགས་བསམ་དང་དད་སེམས་བརྟན་པོ་འཆང་ཞིང་། མི་དམངས་ཉེན་རྟོག་པ་ཚོའི་སེམས་ནང་གི་རྒྱལ་གཅེས་མཐའ་སྲུང་གི་ས་བོན་འཁྱགས་སའི་འཆིང་རྒྱ་ལས་བསྒྲོལ་ཏེ་དཔྱིད་ཀར་མྱུ་གུ་འབུས་པ་དང་རྩ་ལག་གངས་ལྗོངས་ས་མཐོར་མཆེད་ཡོད།
མཐའ་མཚམས་སྐོར་གཡེང་ལམ་དུ་གངས་གསོག་དང་རྔུལ་ཆུ་གཅིག་ཏུ་འདྲེས་ཡོད།
ཤུ་བརྒྱབ་མ་ཐག་མི་དམངས་ཉེན་རྟོག་པ་8ཀྱིས་རུ་སྟར་གྲལ་འགྲིག་པོ་བསྒྲིགས་ཤིང་། “དེ་རིང་ང་ཚོ་སྔོ་མོ་ཏིང་ཏིང་ལས་སྒྲུབ་ས་ཚིགས་སུ་སྐོར་གཡེང་བྱེད་པར་འགྲོ་དགོས། སྐར་མ་5ཡི་རྗེས་སུ་ཐོན་རྒྱུ་ཡིན”ཞེས་འཇིགས་མེད་རྣམ་རྒྱལ་གྱིས་བཀའ་ཕབ། ལམ་བར་དུ་ཁོང་གིས་གསར་འགོད་པར་ད་ཐེངས་ཀྱི་སྐོར་ཞིབ་ཐད“འཁོར་རིགས་སྐོར་གཡེང་དང་རྐང་ཐང་སྐོར་གཡེང”ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱོད་པ་དང་དམིགས་ས་ནི་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཡོད་པའི་ལ་ཁ་ཞིག་རེད་ཅེས་ངོ་སྤྲོད་བྱས།
སྐོར་གཡེང་བྱེད་པའི་ལམ་བར་དུ་འཁོར་ལོ་གངས་གསོག་ཁྲོད་དིམ་པ་དང་མི་དམངས་ཉེན་རྟོག་པ་ཚོས་རླངས་འཁོར་ནས་ལྕགས་ཧྲེང་བླངས་ཏེ་གངས་འདྲུ་འགོ་ཚུགས། སྐར་མ་བཅུ་སོང་རྗེས་ཚང་མ་རྔུལ་ཆུས་འཚོས།
“མགྱོགས་པོ་རླངས་འཁོར་ནང་འཛུལ་ཞིག ཆམ་པ་དང་ལ་དུག་མ་ཕོག་པ་བྱེད”ཅེས་སུའོ་ཀྲང་འཇིགས་མེད་རྣམ་རྒྱལ་གྱིས་སྐད་ཤུགས་ཆེན་པོས་དྲན་སྐུལ་བྱས།
རླངས་འཁོར་བཏང་ནས་ཆུ་ཚོད་གསུམ་སྐོར་གཡེང་བྱས་རྗེས་རི་འདབས་ཤིག་ཏུ་སླེབས་པ་དང་དེ་ནས་ལམ་ཡང་མེད། སྐོར་གཡེང་རུ་ཁག་གིས་རྐང་ཐང་མར་སྤྱི་ལེ་བཅུ་གྲངས་ཁ་ཤས་བསྐྱོད་དེ་གངས་རི་བརྒལ་དགོས་པ་དང་ལམ་བར་དུ་དཀའ་ཚེགས་ཆེ་ཡང་འཁང་ར་བྱེད་མཁན་གཅིག་ཀྱང་མེད།
ཉེན་རྟོག་པ་དང་མང་ཚོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་ངང་ཁོངས་གཏོགས་ཁུལ་གྱི་དུས་བདེ་སྲུང་།
ཧོར་པ་མཐའ་མཚམས་མངགས་གཏོང་ཁང་གིས་རྒྱུན་གཏན་གྱི་མཐའ་མཚམས་སྐོར་ཞིབ་ཕུད་ད་དུང་དུས་ཚོད་མང་པོ་ཞིག་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་4ཡི་དོ་དམ་ཞབས་ཞུར་སྤྱོད་ཀྱི་ཡོད།
ཧོར་པ་མཐའ་མཚམས་མངགས་གཏོང་ཁང་གི་ཚོམས་ཆེན་དཀྱིལ་དུ“བློ་གཅིག་སེམས་གཅིག་གིས་དམངས་ལ་བྱ་བ་སྒྲུབ། སྤྲོ་སེམས་འཁོལ་པོས་ཞབས་འདེགས་ཞིབ་པར་ཞུ”ཞེས་པའི་གོས་དར་དེ་ཧ་ཅང་མངོན་གསལ་དོད་ཅིང་། ཧོར་པ་མཐའ་མཚམས་མངགས་གཏོང་ཁང་དེ་མངའ་ཁོངས་གྲོང་ཚོ་དང་བར་ཐག་རིང་བ་མ་ཟད། འབྲོག་པའི་སྡོད་གནས་བལྟོས་བཅས་ཀྱིས་ཁ་ཐོར་ཡིན་པར་བསམ་གཞིག་བྱས་ནས་མངགས་གཏོང་ཁང་བཙུགས་པ་ནས་བཟུང“ཆུ་ཚོད་24རིང་ལས་སྒྲུབ”ཞབས་འདེགས་ཞུ་གི་ཡོད།
“སློབ་སྟོན་པར་སྙན་སེང་ཞུ་རྒྱུར། ཡ་མཱ་སི་ལས་སྒྲུབ་ས་ཚིགས་ཀྱི་སྒར་སའི་ཕྱིར་མི་ཞིག་ཁྲག་མང་པོ་དོན་འདུག་པས་ལམ་སེང་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་དགོས་ཀྱི་འདུག”ཅེས་2022ལོའི་ཟླ་8ཚེས་14ཉིན་གྱི་ཐོ་རེངས་ཆུ་ཚོད་3པར་མངགས་གཏོང་ཁང་ལ་ཛ་དྲག་གི་ཁ་པར་ཞིག་འབྱོར། འབྲོག་པ་དབང་གྲགས་ར་བཟི་བ་དང་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་འགྱེལ་སྟེ་ཤེལ་དམ་ཆག་རོ་མ་ལེར་ཟུག་ནས་ཁྲག་མང་པོ་དོན་པ་རེད། ལས་སྒྲུབ་ས་ཚིགས་ཀྱི་སྨན་པས་རྨ་རས་དཀྲིས་ཀྱང་ཁྲག་གཅོད་ཐབས་བྲལ་བས་མི་དམངས་ཉེན་རྟོག་པ་ཅིང་ཧའོ་ཡིས་ལས་སྒྲུབ་ས་ཚིགས་སུ་ཡོད་པའི་ཁ་པར་གཅིག་རང་ཡོད་པ་དེ་བརྒྱབ་ནས་བར་ཐག་སྤྱི་ལེ་103གྱི་སར་ཡོད་པའི་མངགས་གཏོང་ཁང་ལ་རོགས་སྐྱོར་བྱེད་པའི་རེ་ཞུ་བྱས།
མངགས་གཏོང་ཁང་ལ་ཁ་པར་འབྱོར་རྗེས་ཧུའུ་ཤན་ཅན་གྱིས་ཕྱོགས་གཅིག་ནས་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པར་རྨས་མ་རི་གཤམ་དུ་སྐྱེལ་དུ་བཅུག་པ་དང་ཕྱོགས་གཞན་ཞིག་ནས་མཚན་མོ་དེ་རང་དུ་ས་གནས་དེ་གའི་འཕྲོད་བསྟེན་ཁང་གི་སྨན་པ་དང་མཐུན་སྦྱོར་བྱས་ཏེ་རི་སྟེང་དུ་བསྐྱོད་ནས། དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་གྱིས་ཚེ་སྲོག་སྐྱོབ་པའི་ལས་དོན་སྤེལ་བ་རེད། ཆུ་ཚོད་5ཡི་རིང་ཛ་དྲག་ངང་རོགས་སྐྱོབ་བྱས་པ་བརྒྱུད་དབང་གྲགས་ལ་སྨན་བཅོས་ལམ་ལྷོངས་བྱུང་ཡོད།
ཧོར་པ་མཐའ་མཚམས་མངགས་གཏོང་ཁང་གིས་ན་ནིང་ནས་ད་བར་འདི་དང་འདྲ་བའི་ཚེ་སྲོག་སྐྱོབ་བཅོས་ཐེངས་བཅུ་དྲུག་བྱས་ཡོད།
མཐའ་སྲུང་ས་བརྟན་གྱི་བརྗིད་ཆེའི་གླུ་དབྱངས་ལེན་པ།
ལོ་གཅིག་གི་དུས་ཚོད་ཡག་ཤོས་ཟླ་བ་བདུན་པ་བརྒྱད་པར་ཡང་ཧོར་པ་ཤང་དུ་གསོ་རླུང་འདུས་ཚད་སྐམ་སའི་དབུས་ཁུལ་གྱི་60%ཙམ་ལས་མེད་པ་དང་མཐོ་གྲང་གསོ་རླུང་མི་འདང་བའི་གནམ་གཤིས་ངན་པ་ལས་དེ་གར་བཅའ་སྡོད་བྱེད་མཁན་མི་དམངས་ཉེན་རྟོག་པ་ཚོར་འགྲན་སློང་ཆེན་པོ་འཕྲད།
མི་དམངས་ཉེན་རྟོག་པ་མེ་ཝུའུ་ཧོར་པ་རུ་བཅའ་སྡོད་བྱས་ནས་ལོ་10འགྲོ་གི་ཡོད། ཁོང་མཐའ་མཚམས་སུ་སྐོར་གཡེང་བྱེད་སྐབས་གཞས་གཏོང་རྒྱུར་དགའ་པོ་ཡོད་པ་དང་དཀའ་སྤྱད་སྡུག་ཁུར་ལ་གོམས་ཡོད། མི་རིང་བའི་གོང་ཁོང་གིས་ད་དུང་རྩ་འཛུགས་ནས་ས་བབ་དམའ་སར་ལས་ཀ་སྒྱུར་བ་བློས་བཏང་བ་རེད།
“གོ་སྐབས་དེ་བློས་གཏོང་བྱེད་དོན་ཅི་ཡིན་ནམ”ཞེས་གསར་འགོད་པས་དྲིས།
“མཐའ་མཚམས་སུ་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཞན་མོད། འོན་ཀྱང་སེམས་ནང་དོན་སྙིང་ཟབ་མོ་ཚོར་གྱི་འདུག གྲོང་ཁྱེར་དུ་ལོག་རིམ་བཞིན་འཁོར་རིགས་ཕར་འགྲོ་ཚུར་འོང་རྒྱུན་མི་ཆད་པ་དང་བཀྲག་མདངས་འཚེར་བའི་གློག་འོད་ལས་སེམས་ནང་སྟོང་ལྷང་ལྷང་གི་སྣང་བ་ཞིག་ཤར་གྱི་འདུག ང་རང་ཡུལ་འདིར་གོམས་འདུག”ཅེས་མེ་ཝུའུ་ཡིས་བཤད།
“ད་ཆ་ཁོར་ཡུག་ལེགས་སུ་ཕྱིན་པས་དེ་བས་ཁ་བྲལ་འདོད་མི་འདུག”མི་དམངས་ཉེན་རྟོག་པ་ཅིན་ཁྲུན་ཕིང་གིས་གསར་འགོད་པར་ལོ་དེ་དག་རིང་མངགས་གཏོང་ཁང་གི་ཆ་རྐྱེན་ལོ་རེ་བཞིན་ཡག་ཏུ་ཕྱིན་ཡོད། ཆུ་དང་། གློག དྲ་སྦྲེལ་བཅས་མེད་པ་ནས་ད་ཆ་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པས་ང་ཚོའི་མཐའ་སྲུང་འགོག་སྲུང་གི་སྙིང་སྟོབས་དང་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
ཟླ་4ཚེས་2ཉིན《རྒྱལ་ཁབ་ཀྱི་གནས་སྤོས་མི་སེར་དོ་དམ་སྒྲིག་གཞིའི་མཐའ་མཚམས་སྲུང་བའི་དྲན་གསོའི་རྟགས་མ་སྤྲོད་པའི་དོ་དམ་བྱ་ཐབས》བཏོན་ནས། རིགས་གསུམ་པ་ཡན་གྱི་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་དུ་ལས་ཀ་བྱེད་མཁན་གནས་སྤོས་མི་སེར་དོ་དམ་ཉེན་རྟོག་པར་མཐའ་མཚམས་སྲུང་བའི་དྲན་གསོའི་རྟགས་མ་ཐོག་མར་སྤྲད་པ་རེད།
ཧོར་པ་མཐའ་མཚམས་མངགས་གཏོང་ཁང་གི་གནས་སྤོས་མི་སེར་ཉེན་རྟོག་པ་དང་འདྲ་བར་བོད་ཀྱི་སྤྱི་ལེ་4000ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག་ཏུ་མི་རབས་ནས་མི་རབས་བར་གྱི་མཐའ་སྲུང་བས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་ལ་བརྩེ་སེམས་ཟབ་མོ་བཅངས་ནས་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་སྲུང་བཞིན་མཆིས།
