༄༅།།ཨ་རིས་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱ་རྒྱུ་རེད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 05ཚེས་12ཉིན། 16:25】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨ་རིའི་རྒྱལ་སྲུང་པུས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་9ཉིན། ཨ་རིས་སླར་ཡང་ཡུག་རེན་ལ་དམག་དོན་རོགས་སྐྱོར་ཨ་སྒོར་དུང་ཕྱུར་12བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
ཨ་རིའི་རྒྱལ་སྲུང་པུའི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། རོགས་སྐྱོར་གྱི་ནང་དོན་དུ་མཁའ་ཟོན་མ་ལག་དང་། ཐན་ཁེ། ཁྲབ་འཁོར། རྫས་མདེལ། དེ་བཞིན་ཚོང་ལས་སྲུང་སྐར་པར་རིས་ཞབས་ཞུ་སོགས་ཚུད་ཡོད་པ་རེད། རོགས་སྐྱོར་གྱི་འཆར་གཞི་དེ་“ཡུག་རེན་གྱི་བདེ་འཇགས་རོགས་སྐྱོར་གྲོས་འགོའི་”ཁོངས་སུ་གཏོགས། དེའི་ཐོག་ནས་ཨ་རིའི་སྲིད་གཞུང་གིས་མཁོ་འདོན་ཚོང་པའི་ས་ནས་ཡུག་རེན་ལ་རོགས་སྐྱོར་བྱེད་པའི་མཚོན་ཆ་ཉོས་ཆོག་པ་ལས། རྒྱལ་སྲུང་པུའུ་ཡི་མཛོད་ཉར་ཁྲོད་ནས་ལེན་དགོས་དོན་མེད་པ་མཚོན་ཡོད།
ཨ་རིའི་རྒྱལ་སྲུང་པུའི་ཡིག་ཆ་ལས་མངོན་པར། 2022ལོའི་ཟླ་2པ་ནས་བཟུང་། ཨ་རིས་ཡུག་རེན་ལ་བསྡོམས་འབོར་ཨ་སྒོར་དུང་ཕྱུར་369ཡི་བདེ་འཇགས་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པ་རེད།
ནུབ་ཕྱོགས་ཀྱིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་བྱས་པར་དམིགས་ཏེ། ཨུ་རུ་སུས་བྱང་ཆིངས་རྒྱལ་ཁབ་ལ་རྒོལ་གཏམ་གྱི་གློག་འཕྲིན་གཏོང་མྱོང་ཡོད། ཨ་རིར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་བ་ཨན་ཏུང་ནུའོ་ཧྥུ་ཡིས་དེའི་གོང་ལ་བཤད་དོན། ཨ་རིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་སྔར་ལས་མང་པོ་བྱས་ན་གདོང་གཏུག་ཇེ་རིང་དུ་འགྲོ་རྒྱུ་ལས་གཞན་གང་མི་ཡོང་། ཁེ་ལི་མུ་ལིན་ཕོ་བྲང་གིས་ཀྱང་ཡུག་རེན་ལ་ནུབ་ཕྱོགས་ཀྱི་མཚོན་ཆ་བསྐྱལ་ན། ཨུ་རུ་སུ་དང་ཡུག་རེན་བར་གྲོས་མོལ་བྱ་རྒྱུར་ཕན་པ་མེད་པ་མ་ཟད། ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བཟོ་སྲིད་ཅེས་བཤད་མྱོང་།
