འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཞིང་ཆེན་གྱིས“ལུང་ཡོན་གྱི་རལ་གྲི་·2023”གྱི་ཡོམ་འགོག་གེགས་སེལ་གྱི་
དངོས་འཐབ་ནང་སྦྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་09ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཆུ་ཚད་དང་མཉམ་འབྲེལ་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་ཆེད། ཀན་སུའུ་ཞིང་ཆེན་ཡོམ་འགོག་གེགས་སེལ་བཀོད་འདོམས་པུས་ཟླ་5ཚེས་6ཉིན་ལན་ཀྲོའུ་ཁུལ་གསར་སོགས་སུ“ལུང་ཡོན་གྱི་རལ་གྲི·2023”གྱི་ཡོམ་འགོག་གེགས་སེལ་གྱི་དངོས་འཐབ་ནང་སྦྱོང་བྱས་ཤིང་། ནང་སྦྱོང་ནང་ལན་ཀྲོའུ་ཁུལ་གསར་དུ་ས་ཡོམ་རིམ་པ་6.8བརྒྱབ་པས། ལན་ཀྲོའུ་དང་། ཝུའུ་ཝེ། པའེ་དབྱིན། ཏིང་ཤིས། ལིན་ཞ་སོགས་ལ་ཡོམ་ཚོར་མངོན་གསལ་དོད་པོ་བྱུང་བ་དང་། ས་ཡོམ་ལས་ཁང་པ་མང་པོ་ཞིག་བརྡིབས་པ་དང་། མི་བཅུ་གྲངས་ཁ་ཤས་རྐྱེན་ལམ་དུ་ཤོར་བ། མི་བརྒྱ་ཕྲག་ཁ་ཤས་ཉེན་ཁའི་གནས་སུ་གྱར་བ། འགྲོ་ལམ་ཁག་གཅིག་འགག་པ་དང་། གློག་ཤུགས། འཕྲིན་གཏོང་། ཆུ་མཁོ་འདོན། འབར་རླངས་བཅས་ལ་སྐྱོན་ཤོར་བ། ས་ཆ་མང་པོ་ཞིག་ཏུ་ནགས་ཚལ་ལ་མེ་སྐྱོན་ཤོར་བ་དང་། རི་ཉིལ་བ། འཁྱིལ་མཚེའུ་ཤོར་བ་སོགས་ཞོར་ཐོན་གནོད་འཚེ་ཐོན་པའི་རྣམ་པ་འདྲ་བཟོས་བྱས་ཡོད།
   ནང་སྦྱོང་ལ་ཁྱོན་ནང་དོན་35བཀོད་སྒྲིག་བྱས་པ་དང་ཉེ་བའི་ལོ་ཤས་རིང་གི་དཔེ་མཚོན་གྱི་ལས་འཛོལ་བསླབ་བྱ་དང་ལེན་བྱས་ནས་ནང་སྦྱོང་བྱ་ཡུལ་གཙོ་བོར་གྲོང་ཁྱེར་དང་གྲོང་རྡལ་གྱི་རོགས་སྐྱོབ་དང་། འབར་རླངས་ཀྱི་ཉེན་ཁ་མྱུར་སེལ། སྨན་བཅོས་རོགས་སྐྱོབ། མང་ཚོགས་ཀྱི་འཚོ་བ་འགན་ལེན། ཚོང་ལས་ཀྱི་ཕྱོགས་བསྡུས་མ་ལག་ཆེ་གྲས་ཀྱི་ཉེན་སེལ་རོགས་སྐྱོབ། ལུས་གསོ་ལྟེ་གནས་ཀྱི་ཉེན་སེལ་རོགས་སྐྱོབ། ཁེ་ལས་ཀྱི་རྡོ་སྣུམ་རྫས་འགྱུར་ཤོར་བ་དང་འབར་གས་རོགས་སྐྱོབ་སོགས་ཀྱི་ནང་དོན་ཁག་7ནང་སྦྱོང་བྱས་པ་མ་ཟད། ཀན་སུའུ་ཞིང་ཆེན་གྱི་ས་གཤིས་ཁོར་ཡུག་རྙོག་འཛིང་ཆེ་བའི་ས་ཡོམ་གནོད་འཚེའི་ཁྱད་ཆོས་ལ་བསམ་གཞིགས་གང་ལེགས་བྱས་ནས། ནང་སྦྱོང་བྱ་ཡུལ་དྲུག་ལ་དུས་གཅིག་ཏུ་གཞི་རིམ་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནང་དོན་ནང་སྦྱོང་བྱས་པ་ཕུད་ད་དུང་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་གློག་ཤུགས་སྒྲིག་བཀོད་མྱུར་བཟོ། ནགས་ཚལ་མེ་གསོད་མྱུར་སྐྱོབ། འགྲོ་ལམ་འགྲིམ་འགྲུལ་མྱུར་བཟོ་སོགས་ནང་སྦྱོང་བྱས་པ་རེད།
   ལན་ཀྲོའུ་ཁུལ་གསར་དུ་ནང་སྦྱོང་བྱ་ཡུལ་གཙོ་བོ་བཀོད་སྒྲིག་བྱས་པ་དང་ལན་ཀྲོའུ་དང་། པའེ་དབྱིན། ཝུའུ་ཝེ་སོགས་གྲོང་ཁྱེར(ཀྲོའུ)9རུ་ཡན་ལག་ནང་སྦྱོང་བྱ་ཡུལ་བཀོད་སྒྲིག་བྱས་ནས་དངོས་འཐབ་ནང་ཞུགས་མཁན་ཁྱོན་མི་6600ལྷག་ཙམ་ཟིན་པའི་ནང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ་དང་ཡུལ་དམག བདེ་འཇགས་ཐོན་སྐྱེད། ལས་གྲྭ སྨན་བཅོས། གློག་ཤུགས་སོགས་ཆེད་ལས་ཀྱི་འཕྲལ་སྡོམ་སྟོབས་ཤུགས་དང་སྤྱི་ཚོཌ་ཀྱི་འཕྲལ་སྡོམ་སྟོབས་ཤུགས་ཚུད་ཡོད།