འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སློབ་གསོའི་ཁོངས་གཏོགས་ཀྱིས“ཁེ་ལས་ལ་བཅར་འདྲི་དང་། ལས་གནས་རྒྱ་ཆེར་གཏོང་བ། 
ལས་ཞུགས་ལ་སྐུལ་འདེད་གཏོང་བའི”བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་08ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། སློབ་གསོ་པུས་2023ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་བཀོད་སྒྲིག་བྱས་པ་ནས་བཟུང་། ས་གནས་ཁག་དང་མཐོ་སློབ་ཁག་གིས“ཁེ་ལས་ལ་བཅར་འདྲི་དང་། ལས་གནས་རྒྱ་ཆེར་གཏོང་བ། ལས་ཞུགས་ལ་སྐུལ་འདེད་གཏོང་བའི”བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། ཟླ་5ཚེས་3ཉིན་བར་མཐོ་སློབ་2415བྱ་སྤྱོད་དེའི་ནང་ཞུགས་ནས་མི་སྤྱོད་ཚན་པ་ཁྲི་17.1ལ་བཅར་འདྲི་བྱས་ཏེ་ལས་ཞུགས་ལས་གནས་ཁྲི་253.1གསར་དུ་བཏོད་ཡོད་པ་རེད།
    ཞིང་ཆེན་རིམ་པ་ཁག་གི་སློབ་གསོའི་སྡེ་ཚན་གྱིས་ས་གནས་དེ་གའི་མཐོ་སློབ་ཀྱི་རིག་ཚན་ཆེད་ལས་བཀོད་སྒྲིག་དང་ཁེ་ལས་ཀྱི་མི་སྤྱོད་དགོས་མཁོ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་གཅིག་སྡུད་ཐོག་མཐོ་སློབ་དང་ཁེ་ལས་འབྲེལ་མཐུད་ཡོང་བར་སྒྲིག་འཛུགས་བྱས་པ་དཔེར་ན། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་ཞིང་ཆེན་དེ་ཡོངས་ཀྱི་མཐོ་སློབ་50སྒྲིག་འཛུགས་བྱས་ཏེ་ཁག་བགོས་ནས་གྲོང་ཁྱེར་20ཡི་ཁེ་ལས་740ལ་བཅར་འདྲི་བྱེད་པར་བསྐྱོད་པ་དང་། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་སོགས་མཐོ་སློབ་10སྒྲིག་འཛུགས་བྱས་ནས་ཧྲེན་ཀྲེན་གྲོང་ཁྱེར་གྱི་འབྲེལ་ཡོད་ཁེ་ལས་སུ་བཅར་འདྲིར་བསྐྱོད་དེ་ལས་ཞུགས་ལས་གནས་1200ལྷག་ཙམ་རྒྱ་ཆེར་བཏོད་པ་ལྟ་བུ་རེད།
    མཐོ་སློབ་ཁག་གི་ཧྲུའུ་ཅི་དང་། སློབ་ཆེན(སློབ་གླིང)གྱི་སློབ་སྤྱི་དང་ཡོན་ཀྲང་སོགས་ཀྱིས་ཁེ་ལས་ལ་བཅར་འདྲི་རྒྱ་ཁྱབ་བྱས་ནས་ཤེས་ལྡན་པ་མཁོ་སྤྲོད་དང་འབྲེལ་མཐུད་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱས་ནས་མི་སྣ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཁྱབ་ཁོངས་ཐད་སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱས་ཤིང་། པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་དེ་ཧོ་ནན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་སོགས་ཀྱི་ཚན་པར་བཅར་འདྲིར་བསྐྱོད་དེ“ལས་གནས་འཚོལ་བར་ང་ཡིས་སེམས་ཐག་བཅད། ལས་གནས་རྒྱ་ཆེར་གཏོང་བའི་གདོང་ལེན་གསར་པ་བྱེད”པའི་སློབ་མས་ཁེ་ལས་ལ་བཅར་འདྲི་བྱེད་པ་དང་། ལས་གནས་རྒྱ་ཆེར་གཏོང་བ། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་ལག་ལེན་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ་དང་། ཀྲུང་ནན་སློབ་ཆེན་དང་། ཁྲང་ཁྲུན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཀོང་ཤིས་གློག་ཤུགས་ལས་རིགས་ལག་རྩལ་སློབ་གླིང་སོགས་སློབ་གླིང་གི་འགོ་ཁྲིད་ཁེ་ལས་དང་གླིང་ཁུལ་དུ་བསྐྱོད་ནས་ལས་རིགས་ཁྱབ་ཁོངས་ཀྱི་ཤེས་ལྡན་པའི་དགོས་མཁོར་དམིགས་ཏེ་སློབ་གྲྭ་དང་ཁེ་ལས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན། སློབ་གསོ་པུས་2022ལོར“རྒྱལ་ཡོངས་མཐོ་སློབ་ཀྱི་ཧྲུའུ་ཅི་དང་སློབ་སྤྱིས་ཁེ་ལས་ལ་བཅར་འདྲི་བྱེད་པ་དང་། ལས་གནས་རྒྱ་ཆེར་གཏོང་བ། ལས་ཞུགས་ལ་སྐུལ་འདེད་གཏོང་བའི”ཆེད་དོན་བྱ་སྤྱོད་ཐེངས་དང་པོ་སྤེལ་ནས་ལས་ཞུགས་ཀྱི་ཐབས་ལམ་དང་ལས་ཞུགས་ལས་གནས་རྒྱ་ཆེར་བཏོད་དེ་སྤྱི་ཚོགས་ཀྱི་དགོས་མཁོར་བརྟག་དཔྱད་གཏིང་ཟབ་བྱས་ཤིང་། 2023ལོར་བྱ་སྤྱོད་དེར་ཞུགས་རྒྱ་དེ་མཐོ་སློབ་ཀྱི་རིམ་པ་གཉིས་པའི་སློབ་གླིང་ཚན་ཁག་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་བར་རྒྱ་ཆེར་ཕྱིན་ནས་མཐོ་སློབ་ཀྱི་སློབ་མ་ཡོངས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ནང་ཞུགས་རྒྱུར་སྣེ་ཁྲིད་ཐུབ་ཡོད།