འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་07ཉིན། 18:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་ནན་བཤད་གནང་དོན། དངོས་ཚན་དཔལ་འབྱོར་གྱིས་འདེགས་སྐྱོར་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ཏེ་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས།
ལི་ཆང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་པ།
     ■ དཔལ་འབྱོར་འཛུགས་སྐྲུན་ནི་ཏང་གི་ལྟེ་བའི་ལས་དོན་ཡིན་པས། ཏང་གིས་དཔལ་འབྱོར་གྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་ནི་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པའི་བརྗོད་གཞིའི་ཁྲོད་ཀྱི་དགོས་ངེས་ཀྱི་དོན་སྙིང་ཞིག་རེད། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་ནི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། འགན་འཁྲི་ལྕི་ཞིང་ནུས་པ་གལ་ཆེན་ལྡན་ཡོད། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་སྐབས་གསར་པའི་ལས་དོན་ཡག་པོ་སྒྲུབ་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་དང་། མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ། མཐུན་སྦྱོར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། སློབ་སྦྱོང་དང་བརྟག་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་ཡག་པོ་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་སྐབས་གསར་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པའི་གནད་དོན་ལ་ཞིབ་འཇུག མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པའི་གནད་དོན་ལ་ཞིབ་འཇུག་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ཚོགས་འདུར་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་དོན། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་སྐབས་གསར་པས་དཔལ་འབྱོར་ལས་དོན་གྱི་མཛད་ཕྱོགས་གལ་ཆེན་བཟོ་བའི་ནུས་པ་མུ་མཐུད་ཡག་པོ་བཏོན་ནས་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གྱི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དེང་རབས་ཅན་རྒྱལ་ཁབ་ཀྱི་དངོས་རྫས་དང་ལག་རྩལ་གྱི་རྨང་གཞི་ཡིན་པས། ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དངོས་ཚན་དཔལ་འབྱོར་ཐོག་བཞག་སྟེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་དངོས་པོའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས། མི་འབོར་འཕེལ་རྒྱས་གཏོང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས། ངེས་པར་དུ་མི་འབོར་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས།
     ཚོགས་འདུར་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་རྒྱུའི་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཚན་རྩལ་པུའུ། བཟོ་འཕྲིན་ཅན་པུའུ། ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱི་སྙན་སེང་གསན་པ་དང་། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་རྒྱུའི་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། མི་སྤྱི་པུའུ། སློབ་གསོ་པུའུ་བཅས་ཀྱི་སྙན་སེང་གསན་པ་རེད།
     ཚོགས་འདུར་བསྟན་དོན། དཔལ་འབྱོར་འཛུགས་སྐྲུན་ནི་ཏང་གི་ལྟེ་བའི་ལས་དོན་ཡིན་ཞིང་། ཏང་གིས་དཔལ་འབྱོར་གྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་ནི་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པའི་བརྗོད་གཞིའི་ཁྲོད་ཀྱི་དགོས་ངེས་ཀྱི་དོན་སྙིང་ཞིག་རེད། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་ནི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། འགན་འཁྲི་ལྕི་ཞིང་ནུས་པ་གལ་ཆེན་ལྡན་ཡོད། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་སྐབས་གསར་པའི་ལས་དོན་ཡག་པོ་སྒྲུབ་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་དང་། མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ། མཐུན་སྦྱོར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། སློབ་སྦྱོང་དང་བརྟག་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་ཡག་པོ་བྱེད་དགོས། ཚོགས་འདུར《ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ལས་ཀའི་སྒྲིག་སྲོལ》དང《ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གཞུང་དོན་ཁང་གི་ལས་ཀའི་ཞིབ་སྲོལ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
     ཚོགས་འདུར་ནན་བཤད་གནང་དོན། དངོས་ཚན་དཔལ་འབྱོར་གྱིས་འདེགས་སྐྱོར་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པ་ནི་འབྱུང་འགྱུར་གྱི་འཕེལ་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་བྱེད་རིང་ང་ཚོར་འཐབ་ཇུས་ཀྱི་རང་འགུལ་འཐོབ་པར་བྱེད་པ་དང་འབྲེལ་བ་ཡོད། མི་ཐབས་ཀྱི་རིག་ནུས་སོགས་ཚན་རྩལ་གསར་བརྗེའི་རླབས་རྒྱུན་གསར་པ་ཁོང་དུ་ཆུད་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་བླང་བྱ་དང་འཚམ་པར་བྱས་ཏེ། ཐོན་ལས་མ་ལག་འཐུས་ཚང་དང་ལེ་ལག་ཚང་ཞིང་ནུས་པ་ཆེ་བའི་ལེགས་ཆ་རྒྱུན་འཁྱོངས་དང་ཆེ་རུ་གཏོང་བ། གོ་ལ་ཧྲིལ་པོའི་གསར་གཏོད་རྒྱུ་རྐྱེན་ནུས་ལྡན་ངང་གཅིག་སྡུད། ཐོན་ལས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆ་ཚང་གི་རང་བཞིན་དང་། སྔོན་ཐོན་གྱི་རང་བཞིན། བདེ་འཇགས་ཀྱི་རང་བཞིན་བཅས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་སྐྲུན་དགོས། དངོས་ཚན་དཔལ་འབྱོར་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དངོས་ཚན་ནས་མངོན་མེད་དུ་ཕྱོགས་པ་སྔོན་འགོག་བྱེད་དགོས། བརྟན་ཐོག་ཡར་འཕེལ་དང་གོམ་པ་རིམ་བགྲོད་མཐའ་འཁྱོངས་བྱེད་པ་ལས་ཆེ་རྔམ་ཕྱི་གཉེར་བྱ་མི་རུང་། ཐོན་ལས་གསུམ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཁ་བྲལ་དང་ཁ་གཏད་དུ་ལངས་མི་རུང་། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་ལས“ཐོན་ལས་དཀྱུས་གྲས”སུ་བརྩིས་ནས་སྟབས་བདེའི་ངང་ཕྱིར་འཐེན་བྱ་མི་རུང་། སྒོ་འབྱེད་མཉམ་ལས་མཐའ་འཁྱོངས་བྱེད་པ་ལས་སྒོ་བརྒྱབ་ནས་ཐོན་སྐྱེད་བྱ་མི་རུང་།
     ཚོགས་འདུར་བསྟན་དོན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་ཐོན་ལས་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་ལས་ཀྱི་བདེ་འཇགས་སྲུང་སྐྱོང་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། འཐབ་ཇུས་རང་བཞིན་གྱི་ཁྱབ་ཁོངས་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན། ཐོན་ལས་སྲིད་ཇུས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ལམ་ལུགས་ལ་བརྟེན་ནས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་པོའི་གནས་བབ་དོན་འཁྱོལ་བྱེད་དགོས། མཛོད་བརྟེན་འབྲུ་གསོག་ལ་དེ་བས་མཐོང་ཆེན་བྱས་ཏེ་ཞིང་ལས་ཐོན་སྐྱེད་ལ་རྨོ་ཞིང་སོགས་རང་བྱུང་ཆ་རྐྱེན་གྱིས་ཚོད་འཛིན་ཕོག་ཚད་ཆུང་དུ་གཏོང་དགོས། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ནས་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་དང་གསར་གཏོད་ལ་བརྟེན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཟུང་འབྲེལ་ཡག་པོ་བྱེད་པ་དང་། ཐོན་ལས་ཀྱི་འཁོར་འབྲེལ་དང་མཁོ་སྤྲོད་མཁོ་འབྲེལ་གྱི་སྒོ་དབྱེའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། འཛམ་གླིང་གི་ཁེ་ལས་རྩེ་གྲ་འཛུགས་སྐྱོང་ཤུགས་ཆེན་བྱས་ནས་ཕུལ་བྱུང་གི་ཁེ་ལས་མཁས་ཅན་ལ་གཅེས་སྤྲས་ལྡབ་འགྱུར་བྱས་ཏེ་རྒྱལ་ཁབ་ཆེན་པོའི་བཟོ་བོ་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས།
     ཚོགས་འདུར་བསྟན་དོན། མིག་སྔར་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ལ་ཕྲུ་གུ་ཉུང་བ་དང་། རྒན་རྒོན་ཅན། ས་ཁོངས་ཀྱི་མི་འབོར་འཕར་ཆག་ཕྱོགས་གཉིས་སུ་ལྷུང་བ་བཅས་ཀྱི་ཁྱད་ཆོས་མངོན་པས། ངེས་པར་དུ་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་དུས་བབ་གསར་པར་ཕྱོགས་ཡོངས་ནས་ངོས་འཛིན་དང་ལྟ་སྟངས་ཡང་དག་འཛིན་དགོས། རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ་དུས་རབས་གསར་པའི་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་འབོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ངོས་འཛིན་དང་། བསྟུན་པ། ཁྲིད་སྟོན་བཅས་བྱེད་པ། མི་འབོར་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་པ། བུ་བཙའི་ཆུ་ཚད་དང་མི་འབོར་གྱི་གཞི་ཁྱོན་ཚད་རན་པོ་རྒྱུན་འཁྱོངས་ཧུར་ཐག བྱང་ཚད་མཐོ་བ་དང་། བསྡོམས་འབོར་འདང་ངེས། གྲུབ་ཆ་བཟང་སྒྲིག ཁྱབ་སྟངས་ལུགས་མཐུན་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་གཏོད་པ་བཅས་བྱས་ནས། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས། མ་ལག་ལྡན་པའི་འདུ་ཤེས་ལ་བརྟེན་ནས་མི་འབོར་གྱི་གནད་དོན་ལ་སྤྱི་འདོམས་འཆར་འགོད་དང་། སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས།
     ཚོགས་འདུར་ནན་བཤད་གནང་དོན། སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་ལ་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདུ་འགོད་ལ་བརྩིས་ནས་མི་འབོར་གྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་དང་། བདེ་ཐང་གི་བྱང་ཚད། བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། བུ་བཙའ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཁྱིམ་ཚང་གི་བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་གཏོང་བ། བུ་བཙའི་མཛའ་གྲོགས་རྣམ་པའི་སྤྱི་ཚོགས་སྐྲུན་པར་སྐུལ་འདེད་གཏོང་བ། མི་འབོར་གྱི་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་ཤུགས་ཐོན་ཁུངས་ཀྱི་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་ལ་ཞུགས་ཚད་བརྟན་པོ་ཡོང་བར་བྱས་ཏེ་མི་ཤུགས་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས། མི་འབོར་རྒན་རྒོན་ཅན་ལ་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ཧུར་ཐག་བྱས་ཏེ་གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རིམ་པ་མང་བ་དང་ཀ་རྟེན་མང་བའི་རྒན་གསོའི་འགན་བཅོལ་མ་ལག་འཕེལ་རྒྱས་མགྱོགས་པོ་གཏོང་བ། རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་བྱེད་རྒྱུ་ཡོད་པ། རྒས་དུས་སྤྲོ་སྣང་ཡོད་པ་བཅས་མངོན་འགྱུར་ཧུར་ཐག་ཐུབ་པ་བཅས་བྱེད་དགོས། མི་འབོར་དང་དཔལ་འབྱོར་སྤྱི་ཚོགས་དང་ཐོན་ཁུངས་ཁོར་ཡུག་དབར་གྱི་འབྲེལ་བར་སྤྱི་འདོམས་དེ་བས་ཡག་པོ་དང་། ས་ཁོངས་དཔལ་འབྱོར་གྱི་བཀོད་ཇུས་དང་རྒྱལ་ཁབ་ས་ཆའི་བར་མཐོངས་མ་ལག་ལེགས་སུ་གཏོང་བ། མི་འབོར་གྱི་གྲུབ་ཚུལ་ལེགས་སུ་གཏོང་བ། མི་འབོར་གྱི་བདེ་འཇགས་སྲུང་སྐྱོང་བཅས་བྱས་ཏེ་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།