འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁོང་མོས་སྒོར་བྱེ་བ་གཅིག་གི་ཞལ་འདེབས་ཕུལ་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་06ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཁོང་མོས་སྒོར་བྱེ་བ་གཅིག་གི་ཞལ་འདེབས་ཕུལ་འདུག
     ཟླ་5ཚེས་4ཉིན། པེ་ཅིང་སློབ་ཆེན་བཙུགས་ནས་ལོ་125འཁོར་བའི་སློབ་གྲྭའི་རྟེན་འབྲེལ་ཉིན་མོར། “ཏུན་ཧོང་བུ་མོ”སྟེ་ཏུན་ཧོང་ཞིབ་འཇུག་ཁང་གི་མཚན་འཛིན་ཡོན་ཀྲང་ཧྥན་ཅིན་ཧྲི་པེ་ཅིང་སློབ་ཆེན་དུ་ལོག་ནས། མ་ཡུམ་སློབ་གྲྭར་མི་དམངས་ཤོག་སྒོར་ཁྲི་1000ཞལ་འདེབས་ཕུལ་བ་དང་། ཧྥན་ཅིན་ཧྲི་སློབ་གསོའི་ཐེབས་རྩ་བཙུགས་ནས་ཏུན་ཧོང་རིག་པའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱས་པ་རེད། 
     ད་ཐེངས་ཞལ་འདེབས་ཕུལ་བའི་མ་དངུལ་ནང་། 2019ལོར་ཧྥན་ཅིན་ཧྲི་ལ་ཐོབ་པའི་“ལུའི་ཀྲི་ཧོ་བྱ་དགའ-འཛམ་གླིང་ཤེས་དཔལ་བྱ་དགའ་”ཡི་དྲང་ནུས་བྱ་དགའི་དངུལ་(བྱ་དགའི་དངུལ་དེའི་བསྡོམས་འབོར་ཞང་ཀང་སྒོར་ཁྲི་2000ཡིན་ཞིང་། དེའི་ནང་ཕྱེད་ཀ་མ་ཡུམ་སློབ་གྲྭར་ཞལ་འདེབས་ཕུལ་བ་དང་ཕྱེད་ཀ་ཏུན་ཧོང་ཞིབ་འཇུག་ཁང་ལ་ཕུལ།)དང་། ད་དུང་2020ལོར་“ཧོ་ལེའང་ཧོ་ལིའི་ཚན་རིག་ལག་རྩལ་གྲུབ་འབྲས་བྱ་དགའི་”བྱ་དགའི་དངུལ་ཞང་ཀང་སྒོར་ཁྲི་100ཐོབ་པ་རེད། དེའི་རྨང་གཞིའི་ཐོག་ཧྥན་ཅིན་ཧྲི་ཡིས་ཐེབས་རྩའི་མ་དངུལ་མི་དམངས་ཤོག་སྒོར་ཁྲི་1000འདང་ཆེད། ཁོང་གིས་ལོ་མང་རིང་གི་གསོག་འཇོག་ཞལ་འདེབས་ཕུལ་ཡོད། 
     “མི་ཚུལ་ལྡན་ཞིག་བྱེད་པར་རང་ཉིད་ཁོ་ནར་བསམ་བློ་གཏོང་མི་རུང་། བྱ་དགའི་དངུལ་དེ་‘ལེན་པར་གནས་ལུགས་ཡོད་དགོས་ཤིང་།’ལྷག་པར་དུ་‘སྤྱོད་པར་གནས་ལུགས་ལྡན་དགོས།’ངེས་པར་དུ་བྱ་དགའི་དངུལ་དེ་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་བྱ་གཞག་ཐད་སྤྱོད་དགོས་”ཞེས་ཧྥན་ཅིན་ཧྲི་ཡིས་ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་བཤད་པ་རེད།
     1958ལོར། ཧྥན་ཅིན་ཧྲི་ཡིས་པེ་ཅིང་སློབ་གྲྭ་ཆེན་མོའི་གནའ་རྫས་རྟོག་ཞིབ་ཆེད་ལས་སུ་སློབ་སྦྱོང་བྱས། 1962ལོའི་ལོ་སྨད་དུ། ཁོ་མོས་དངོས་གཞིའི་སྐབས་ཀྱི་ཆེས་མཐའ་མའི་ཆེད་དོན་གནའ་རྫས་རྟོག་ཞིབ་ཀྱི་དངོས་སྦྱོང་ཁྲོད་ཏུན་ཧོང་མའོ་ཀའོ་བྲག་ཕུག་ལ་འགྲོ་རྒྱུའི་གདམ་ག་བྱས། 1963ལོར་སློབ་མཐར་ཕྱིན་རྗེས། ཧྥན་ཅིན་ཧྲི་ཡིས་རྒྱལ་ཁབ་ཀྱི་ལས་བགོས་དང་ལེན་བྱས་ནས་མའོ་ཀའོ་བྲག་ཕུག་ཏུ་བྱ་བ་སྒྲུབ་ཏུ་སོང་། དེ་ནས་བཟུང་ཧྥན་ཅིན་ཧྲི་ཡིས་ཏུན་ཧོང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། ཞིབ་འཇུག དར་སྤེལ། དོ་དམ་བཅས་ཀྱི་ལས་དོན་དེ་ཚེ་གང་གི་བྱ་གཞག་ཏུ་བརྩིས་པ་རེད།  
     ཧྥན་ཅིན་ཧྲི་ཡི་འཚོ་བ་རྒྱུན་དུ་སྟབས་བདེ་བབ་ཆགས་ཤིག་ཡིན། ལས་ཀ་བྱེད་སྐབས། ཁོང་གིས་ལོ་རེར་རང་ཉིད་ཀྱི་གླ་ཕོགས་ནང་ནས་སྒོར་ཁྲི་གཅིག་བླངས་ཏེ། ཀྲུང་གོའི་ཏུན་ཧོང་བྲག་ཕུག་སྲུང་སྐྱོང་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་ཕུལ་ནས། ལོ་སུམ་ཅུ་ཙམ་ལ་རྒྱུན་འཁྱོངས་བྱས། 2014ལོར་ཧྥན་ཅིན་ཧྲི་ཡིས་ལས་འཁྱུར་ངལ་གསོ་བྱས་པ་དང་། ཁོང་གིས་སླར་ཡང་སྤྱི་གསོག་མ་དངུལ་གྱི་རྩིས་ཐོའི་ནང་བཅོལ་བའི་སྒོར་ཁྲི་45ཐེངས་གཅིག་ལ་ཞལ་འདེབས་ཕུལ་བ་རེད། 
     ལོ་མང་པོའི་རིང་ལ། ཧྥན་ཅིན་ཧྲི་ཡིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ནུས་པ་ཡོད་ཚད་བཏོན་ནས། མི་རབས་རྗེས་མའི་རིག་གཞུང་ཞིབ་འཇུག་ལ་སྣེ་ཁྲིད་དང་སྐུལ་ལྕག་བྱས། གསར་འགོད་པས་པེ་ཅིང་སློབ་ཆེན་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2019ལོར་ཏུན་ཧོང་ཞིབ་འཇུག་ཁང་གིས་པེ་ཅིང་སློབ་ཆེན་དང་མཉམ་དུ་ཏུན་ཧོང་རིག་པའི་ཞིབ་འཇུག་ལྟེ་གནས་བཙུགས་ཏེ། རིམ་པ་མཐོ་བའི་ཏུན་ཧོང་རིག་པའི་ཞིབ་འཇུག་ཤེས་ལྡན་མི་སྣ་མཉམ་འབྲེལ་ཐོག་གསོ་སྐྱོང་བྱས་པ་དང་། ཧྥན་ཅིན་ཧྲི་ཡིས་ཏུན་ཧོང་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་མཚན་འཛིན་ཀྲུའུ་རེན་གྱི་འགན་བཞེས་པ་རེད། 2020ལོར་ཁོ་མོས་པེ་ཅིང་སློབ་གྲྭ་ཆེན་མོའི་གནའ་རྫས་རྟོག་ཞིབ་རིག་གནས་སློབ་གླིང་གི་སློབ་མ་གསར་པ་རྣམས་ལ། ཤེས་སྤྱོད་ཟུང་འབྲེལ་དང་གོ་དོན་མཐིལ་རྟོགས་ཀྱི་གནའ་རྫས་རྟོག་ཞིབ་མཁས་ཅན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས་པ་དང་། སེམས་ལྷོད་ལ་བབས་ནས་བློ་རྩེ་གཅིག་གིས་བྱ་བ་བསྒྲུབ་པའི་བསམ་ཚུལ་དང་གྲ་སྒྲིག་ཡོད་དགོས་ཤིང་། མི་སྒེར་གྱི་དོན་གཉེར་དེ་གནའ་རྫས་དཔྱད་ཞིབ་ཀྱི་བླ་ན་མེད་པའི་བྱ་གཞག་འདིའི་ནང་འདྲེས་པར་བྱ་དགོས་ཞེས་གསུངས་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་བཙུགས་པའི་ཧྥན་ཅིན་ཧྲི་སློབ་གསོའི་ཐེབས་རྩ་དེ་ཏུན་ཧོང་རིག་པའི་འབྲེལ་ཡོད་རིག་གཞུང་ཞིབ་འཇུག་དང་། ཤེས་ལྡན་པ་གསོ་སྐྱོང་། རྒྱལ་སྤྱིའི་སྤེལ་རེས་སོགས་དང་། དེ་བཞིན་འབྲེལ་ཡོད་རིག་གཞུང་སྒྲིག་གཞི་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་སྤྱོད་རྒྱུ་རེད། 
༄༅།།ཁོང་མོས་སྒོར་བྱེ་བ་གཅིག་གི་ཞལ་འདེབས་ཕུལ་འདུག