འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལོ་ངོ་9000ལྷག་ཙམ་གོང་གི་ཁུང་འབྲུག་གི་འགྱུར་རྡོ་ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་28ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལོ་ངོ་9000ལྷག་ཙམ་གོང་གི་ཁུང་འབྲུག་གི་འགྱུར་རྡོ་ཞིག་རྙེད་འདུག
   གསར་འགོད་པས་ཚེས་27ཉིན་ཅང་ཞི་ཞིང་ཆེན་ས་གཤིས་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ཟླ་6པར་ཀན་ཀྲོའུ་གྲོང་ཁྱེར་ཀན་རྫོང་ཁུལ་གྱི་ལས་ཡུལ་ཞིག་ནས་ཁུང་འབྲུག་གི་རུས་པའི་འགྱུར་རྡོ་ཆེ་གྲས་རྙེད་པའི་དེ་ཉིན་ཤས་གོང་གཙང་མ་རགས་ཙམ་བཟོས་ཟིན་པ་རེད། ཆེད་མཁས་པས་གསལ་འབྱེད་རགས་ཙམ་བྱས་པ་བརྒྱུད། དངོས་དཔེ་འདི་ནི་ལོ་ངོ་ཁྲི་9000ལྷག་ཙམ་སྔོན་གྱི་ཐའེ་ཐན་འབྲུག་ཆེན་ལས་བྱུང་བ་དང་། འགྱུར་རྡོ་ཆ་ཚང་ཚད་ནི་དཀར་རག་དུས་རབས་ཀྱི་རྐང་འབྲུག་རིགས་ཀྱི་ཁུང་འབྲུག་ཁྲོད་དུ་ཧ་ཅང་དཀོན་པོ་རེད།
   ཁུང་འབྲུག་དེའི་འགྱུར་རྡོ་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་གཙང་སེལ་གྱི་ལས་དོན་ནི་ཅང་ཞི་ཞིང་ཆེན་ས་གཤིས་རྟེན་རྫས་བཤམས་མཛོད་ཁང་གིས་སྣེ་ཁྲིད་ནས་ལེགས་སྒྲུབ་བྱས་པ་རེད། ལས་ཀ་དེའི་ནང་ཞུགས་མཁན་ཅང་ཞི་ཞིང་ཆེན་ས་གཤིས་རྟེན་རྫས་བཤམས་མཛོད་ཁང་གི་དེ་སྔའི་འགོ་འཛིན་གཞོན་པ་དབྱང་ལིང་གིས་ཁུང་འབྲུག་གི་འགྱུར་རྡོ་ཉར་ཚགས་ཡག་པོ་བྱས་ཡོད་ལ། ཉུང་མཐར་ཡང་སྒལ་ཚིགས་29ཡོད་པ་དང་། དེའི་རུས་པ་སྦོམ་ལ་མཇིང་ཚིགས་དང་མཇུག་མའི་མཁར་གཞུང་དང་མཁར་གཞུ་ནི་ཆུ་སྲིན་རིགས་ཀྱི་ཁུང་འབྲུག་གི་རྙོག་འཛིང་ཆེ་བའི་ཁོག་སྒྲོམ་གྱི་དཔེ་མཚོན་ལྡན་པའི་ངོས་འཛིན་གནང་ཡོད། ཚོད་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཉམས་པ་སོར་ཆུད་བྱུང་རྗེས་ཀྱི་འགྱུར་རྡོའི་དངོས་དཔེའི་རིང་ཚད་སྨི་15ལས་བརྒལ་རྒྱུ་རེད།
   རྐང་འབྲུག་རིགས་ཀྱི་ཁུང་འབྲུག་ནི་ཧ་ལམ་ལོ་ངོ་དུང་ཕྱུར་2སྔོན་གྱི་འདམ་གཞོང་དུས་རབས་སུ་བྱུང་བ་དང་། ཕལ་ཆེར་ལོ་ངོ་དུང་ཕྱུར་1.6གི་སྔོན་དུ་རྒྱ་ཁྱབ་ཏུ་མཆེད་ཅིང་། དཀར་རག་དུས་རབས་ཀྱི་དུས་མཇུག་བར་དུ་འཚོ་གནས་རྒྱུན་མཐུད་ཐུབ་ཡོད།