འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་28ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་4ཚེས་26ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཡུག་རེན་གྱི་འབྲེལ་བ་དང་ཡུག་རེན་གྱི་ཉམས་ཉེན་ཐད་བསམ་འཆར་བརྗེ་རེས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡུག་རེན་གྱི་འབྲེལ་བ་ལོ་31རིང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ། འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་དུ་སླེབས་ནས་རྒྱལ་ཁབ་གཉིས་པོ་རང་སོ་སོ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རམ་འདེགས་བྱས་ཡོད། ཙུང་ཐུང་ཙེ་ལན་སི་ཅིས་ཀྲུང་གོ་དང་ཡུག་རེན་གྱི་འབྲེལ་བ་དང་ཀྲུང་གོ་དང་མཉམ་ལས་འཕེལ་རྒྱས་བྱ་རྒྱུར་མཐོང་ཆེན་བྱ་རྒྱུ་ཡིན་ཞེས་ཐེངས་མང་གསུངས་པར་ངས་བསྔགས་བརྗོད་ཞུ་རྒྱུ་དང་། ན་ནིང་ཡུག་རེན་ཕྱོགས་ཀྱིས་ཀྲུང་གོའི་སྤྱི་དམངས་ཕྱིར་འཐེན་བྱེད་པར་གཞོགས་འདེགས་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་ཕན་ཚུན་བརྩི་འཇོག་བྱ་རྒྱུ་ནི་ཀྲུང་གོ་དང་ཡུག་རེན་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཞིག་རེད། ཕྱོགས་གཉིས་པོས་འབྱུང་འགྱུར་ལ་དམིགས་ཏེ་ཕུགས་ཀྱི་ཟུར་ཚད་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ལྟ་སྟངས་ཟོལ་མེད་འཛིན་པའི་སྲོལ་རྒྱུན་རྒྱུན་མཐུད་བྱས་ཏེ། ཀྲུང་གོ་དང་ཡུག་རེན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡུག་རེན་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་བསམ་འདུན་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་འདོན་གྱི་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་ཕྱིན་རུང་ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་མཉམ་ལས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཡུག་རེན་གྱི་ཉམས་ཉེན་རྙོག་འཛིང་ཆེ་རུ་ཕྱིན་ནས་རྒྱལ་སྤྱིའི་དུས་བབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་ཀྲུང་གོ་ཕྱོགས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཕྱོགས་སུ་ལངས་རྒྱུ་དང་ལྟེ་བའི་ལངས་ཕྱོགས་ནི་འདུམ་ཐབས་བྱེད་པ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ངས“བྱེད་འོས་པ་བཞི”དང་། “ཐུན་མོང་བཞི” “བསམ་གཞིག་བྱེད་དགོས་པ་གསུམ”བཅས་སྔ་རྗེས་སུ་བཏོན་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ད་དུང་དེའི་རྨང་གཞིའི་ཐོག《ཆབ་སྲིད་ཀྱི་ཐད་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཞེས་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་ནི་ཡུག་རེན་གྱི་ཉམས་ཉེན་བཟོ་མཁན་མིན་ལ་དོ་བདག་ཀྱང་མིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། ང་ཚོས་གཞན་ལ་རྐྱེན་ངན་བྱུང་བར་ལྟད་མོ་ལྟ་མི་སྲིད་ལ། མེ་ཚ་བའི་སྒང་ལ་ཤིང་ཤག་པའང་རྒྱག་མི་སྲིད། དེ་བས་གོ་སྐབས་དང་བསྟུན་ནས་ཁེ་བཟང་རག་ཐབས་བྱེད་མི་སྲིད། ཀྲུང་གོ་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ཁ་གསལ་གཞུང་དྲང་ཡིན། གྲོས་མོལ་བྱེད་པ་ནི་སྤྱོད་གོ་ཆོད་པའི་ཐབས་ལམ་ཉག་ཅིག་རེད། ཉིང་རྡུལ་དམག་འཁྲུག་ལ་རྒྱལ་ཁ་འཐོབ་མཁན་མེད། ཉིང་རྡུལ་གནད་དོན་ཐད་འབྲེལ་ཡོད་ཕྱོགས་ཁག་གིས་བབ་བརླིང་དང་བཟོད་སྒོམ་བྱས་ནས་རང་ངོས་དང་མིའི་རིགས་ཡོངས་ཀྱི་མདུན་ལམ་དང་ལས་དབང་ལ་བསམ་གཞིག་བྱས་ཏེ། ཐུན་མོང་ཐོག་ཉམས་ཉེན་ལ་དོ་དམ་དང་ཚོད་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
     ཙེ་ལན་སི་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་དང་ཀྲུང་གོར་ཐོབ་པའི་ཐུན་མོང་མ་ཡིན་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་གྲུབ་འབྲས་ཐོབ་པའི་ངང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཅག་ནས་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་གར་སྟེགས་ཐོག་ནུས་པ་ཆེན་པོ་འདོན་བཞིན་ཡོད། ཡུག་རེན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་གོ་ཕྱོགས་དང་ཕྱོགས་ཡོངས་མཉམ་ལས་བྱས་ཏེ། ཡུག་རེན་དང་ཀྲུང་གོའི་འབྲེལ་བའི་ལེའུ་གསར་པ་བརྩམས་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ལ་ཐུན་མོང་ཐོག་གཞོལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།