འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གྲངས་གཞིའི་གླེང་སྟེགས་སྐབས་བཞི་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་26ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གྲངས་གཞིའི་གླེང་སྟེགས་སྐབས་བཞི་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ནི་མིའི་རིགས་ཀྱི་སྤྱི་ཚོགས་དར་རྒྱས་ཡར་ཐོན་ཡོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་པ་དང་། སྟོབས་ལྡན་དང་། ལྗང་མདོག སྐྱོན་བྲལ་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་རེད། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་རྒྱབ་སྐྱོར་བྱེད་མཁན་དང་ལག་ལེན་བསྟར་མཁན་ཞིག་ཡིན་ཞིང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲངས་གཞིའི་རྨང་གཞིའི་ལམ་ལུགས་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞི་དང་བསྡོམས་རྩིས་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་གོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་ཀྱི་ལྟ་ཞིབ་ལག་ལེན་དང་ཉམས་མྱོང་མཉམ་སྤྱོད་ཧུར་ཐག་བྱེད་ཀྱི་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་སྒྲོམ་གཞིའི་འོག་རྒྱལ་སྤྱིའི་གྲངས་གཞིའི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། “གྲངས་གཞིའི་བཅོས་སྐྱོང”ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་རམ་འདེགས་བྱེད་པ། སྒོ་དབྱེ་གཉིས་ཕན་གྱི་གྲངས་གཞིའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྣམ་པ་མཉམ་དུ་གཏོད་པ་བཅས་བྱས་ཏེ་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གྲངས་གཞིའི་གླེང་སྟེགས་སྐབས་བཞི་པ་ཚེས་24ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། གླེང་སྟེགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་འགོ་བཏོན་པ་དང་ཆབས་ཅིག་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་སྒྲུབ་འགན་ཁུར་བ་ཞིག་རེད། ད་ཐེངས་ཀྱི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོའི་འབོད་ཚིག་ནི“གྲངས་གཞི་ཡག་པོ་སྤྱད་དེ་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་དེ་རེད།