༄༅།།ཞིང་ལས་གྲོང་གསེབ་པུས་བརྡ་ཐོ་བཏང་ནས་བླང་བྱ་བཏོན་དོན། རླུང་ཆེན་ལྡང་བ་དང་དྲོད་ཚད་ཆག་པ་དང་ཆར་པ་ཆེན་པོ་
འབབ་པའི་གནམ་གཤིས་ལ་འགོག་ཟོན་དང་ཁ་གཏད་གཅོག་དགོས།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 04ཚེས་24ཉིན། 10:49】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡ་ལྟར་ན། ཉེ་ཆར། གྲང་ངར་ཆེ་བའི་མཁའ་རླུང་གིས་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་སྟེ། བྱང་རྒྱུད་ས་ཁུལ་མང་ཆེ་བར་དྲོད་ཚད་6—10℃བར་ཆག་རྒྱུ་དང་ས་ཁུལ་ཁ་ཤས་ལ་དྲོད་ཚད་16℃ཡན་ཆག་རྒྱུ་མ་ཟད་ད་དུང་ལྷགས་པ་ཆེན་པོ་རིམ་པ་4—9བར་རྒྱག་རྒྱུ་རེད། ཤིན་ཅང་གི་བྱང་རྒྱུད་དང་། ཀན་སུའུ། ཉིང་ཞ། ཧྲའན་ཤིས་ཀྱི་བྱང་རྒྱུད། ཧྲན་ཤིས་ཀྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་ལ་གངས་དང་ཡང་ན་གངས་མ་ཆར་འབབ་རྒྱུ་དང་། འབྱུང་འགྱུར་ཉིན་10ཡི་ནང་འབྲི་ཆུའི་ལྷོ་རྒྱུད་དང་ཀྲུང་ཧྭ་ལྷོ་རྒྱུད་ཀྱི་ཆར་པ་འབབ་ཚད་ལོ་རྒྱུན་གྱི་དུས་མཚུངས་ལས་བཅུ་ཆ་གསུམ་ནས་བདུན་བར་འཕར་རྒྱུ་དང་ས་ཁུལ་ཁ་ཤས་ལ་གཏད་རྒྱུག་ཆེ་བའི་གནམ་གཤིས་བསྟན་རྒྱུ་རེད། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབས་ནས་དཔྱིད་འདེབས་ཐོན་སྐྱེད་ལས་དོན་བདེ་བླག་ངང་སྤེལ་ཆེད། ཞིང་ལས་གྲོང་གསེབ་པུས་བརྡ་ཐོ་བཏང་ནས། ས་ཁུལ་ཁག་ལ་གནོད་འཚེ་སྔོན་འགོག་གིས་ལོ་ལེགས་ཡོང་ཐབས་བྱེད་དགོས་པ་དང་། ལྷགས་པ་ཆེན་པོ་དང་དྲོད་ཚད་ཆག་པ་དང་གངས་མ་ཆར་འབབ་པའི་གནམ་གཤིས་ལ་ཁ་གཏད་གཅོག་རྒྱུ་དེ་མིག་སྔའི་ཞིང་ལས་གྲོང་གསེབ་ལས་དོན་གྱི་ལས་འགན་གལ་ཆེན་དུ་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། སྐུལ་སློང་རྒྱ་ཁྱབ། སྤྱི་འདོམས་མཐུན་སྦྱོར་ཡག་པོ། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
