འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དམིགས་ཚད་ལས་འགན་ལ་དམིགས་ཏེ་ཕན་འབྲས་དངོས་ལ་སྣང་ཆེན་བྱེད་པ།

—— སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་24ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
     ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་རྗེས། སྡེ་ཚན་ཁག་དང་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་ལེན་ནན་ཏན་བསྟར་ཏེ། དམིགས་ཚད་ལས་འགན་ལ་དམིགས་པ་དང་། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པ། ཕན་འབྲས་དངོས་ལ་སྣང་ཆེན་བཅས་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་ཡང་དག་ནུས་ལྡན་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བཞིན་ཡོད།
     ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས། དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། བླང་བྱ་མཐོ་བ་བཅས་ཡོད། སྡེ་ཚན་ཁག་དང་ཚན་པ་ཁག་གིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་དུ་གཏོང་བ། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་སྟངས་འཛིན་ནན་པོ་བྱས་ཏེ། ཏང་ཙུའི(ཏང་ཨུད)ཆེད་དོན་ཚོགས་འདུ་དང་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་སོགས་བརྒྱུད་སློབ་སྦྱོང་གཏིང་ཟབ་དང་། ཏན་ཏིག སེམས་ལ་ཟུག་པ་བཅས་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།
     ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་དཔེ་ཀློག་འཛིན་གྲྭ་དུས་ཐེངས་3གཉེར་ནས། ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པས་གཟའ་འཁོར་གཅིག་གི་དུས་ཡུན་སྤྱད་དེ་གཅིག་སྡུད་སློབ་སྦྱོང་དང་། ཏང་གི་ཕྱི་ཕྱོགས་ལས་དོན་དང་ཟུང་འབྲེལ་བྱས་ཏེ་དྲི་གཞི་བཏོན་ནས་གཅིག་སྡུད་བགྲོ་གླེང་བྱས་པ་རེད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་གཙོ་གནད་ལས་འགན་ཁག་14ཡི་གསལ་ཐོ་བཟོས་ནས་འགོ་ཁྲིད་ཀྱིས་སློབ་སྦྱོང་ལ་སྣེ་ཁྲིད་དང་། མི་སྒེར་གྱིས་རང་སྦྱོང་། ཀྲི་པུའུ་ཡིས་མཉམ་དུ་སློབ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཡིས་སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་ལས་བཟོ། སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་སློབ་སྦྱོང་སློབ་གསོ་ཕན་ཚུན་གཅིག་གྱུར་འཆར་འགོད་དང་ལྟེ་བའི་ལས་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཕན་ཚུན་གཅིག་གྱུར་འཆར་འགོད་མཐའ་འཁྱོངས་བྱས་ཏེ། “ཏང་ལ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འབུལ་བ”དོན་གཉེར་བྱེད་པ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད།
     ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ། སློབ་གླིང་གི་ལས་དོན་ཚོགས་འདུ་འཚོགས་ནས། ཞི་ཅིན་ཕིང་གི་གསུང་རྩོམ་སློབ་སྦྱོང་འཛིན་གྲྭ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་བགྲོ་གླེང་འཛིན་གྲྭ་སོགས་གཉེར་བ་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མི་རིགས་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས་དཔེ་སྐྲུན་བྱས་པ་དང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་ཡིག་སྒྱུར་དང་དཔེ་སྐྲུན་སོགས་ཀྱི་ལས་དོན་སྤེལ་ནས། “སྲུང་སྐྱོང་གཉིས”ལག་ལེན་ཡག་པོ་བསྟར་བའི་མདུན་གྲལ་དུ་བསྐྱོད་ཡོད། ཀྲུང་གོ་ཁྲིམས་རིག་པ་ལྷན་ཚོགས་ཀྱིས་ལས་ཁུངས་དང་དེའི་ཁོངས་གཏོགས་ཀྱི་ཞིབ་འཇུག་ལྷན་ཚོགས་51གི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་བཀོད་སྒྲིག་ཞིབ་ཚགས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་ནས་བློ་གྲོས་ཀྱི་སྟོབས་ཤུགས་བསྡུས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བཞིན་ཡོད།
     བརྟག་ཞིབ་བྱེད་སྲོལ་རབ་ཏུ་དར་བར་བྱས་ནས་འགན་ནུས་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གིས་བརྟག་དཔྱད་ཞིབ་འཇུག་དང་། ཆ་འཕྲིན་གོང་ཞུ། སྒྱུར་བཅོས་སྐུལ་གཏོང་སོགས་བརྒྱུད་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཞིབ་ཕྲ་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ་གཞི་རིམ་ཚན་པ་དང་ཆ་སྒྲིག་མཉམ་སྐྲུན་དང་དང་བླངས་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྟག་ཞིབ་བྱེད་སྲོལ་རབ་ཏུ་དར་བ་བྱེད་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་བཀྲམ་པ་དང་། འདི་ལོའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་གཙོ་གནད་དུ་གཏན་འཁེལ་བྱས་པའི་ལས་འགན་གཙོ་བོ་དང་ཟུང་འབྲེལ་གྱིས་བརྟག་དཔྱད་ཞིབ་འཇུག་བྱ་གཞི་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱས་པ་རེད། སློབ་གསོ་པུས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཕྱོགས་12ཐད་ཀྱི་བརྟག་ཞིབ་ནང་དོན་དང་ཞིབ་བསྡུར་བྱས་ནས་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་13ཐད་ཀྱི་གནད་དོན་ཞིབ་ཕྲ་བཟོས་པ་དང་། གནད་དོན་གྱི་གསལ་ཐོ་དང་བརྟག་ཞིབ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ཀྱི་གསལ་ཐོ་བཟོས་ནས་བརྟག་ཞིབ་གྲུབ་འབྲས་དེ་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་སྒྱུར་བར་འབད་བརྩོན་བྱེད་བཞིན་ཡོད།
     སློབ་སྦྱོང་བྱེད་ཀྱིན་དུ་ལྟ་བསྡུར་དང་། འཚོལ་ཞིབ། དག་ཐེར་བཅས་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོར་སྲིད་ཁྲིམས་ལས་ཁུངས་ཀྱིས་སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་བྱས་ནས། གནད་དོན་དག་ཐེར་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་པ་རེད།
     ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ལ་དོ་དམ་བྱེད་པའི་སྟོན་གྲངས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གཏུག་བཤེར་གྱི་འབྱུང་ཁུངས་བཅོས་སྐྱོང་བྱེད་པའི་ལས་ཀའི་ལམ་སྲོལ་ལེགས་བཅོས་བྱས་ཏེ། འདྲི་གཅོད་ལས་ཀའི་འདུ་ཤེས་རྗེས་ལུས་དང་དེ་དང་མི་འཚམ་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལག་བསྟར་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་དང་ལས་འགན་ཨང་དང་པོར་རྩེ་གཅིག་ཏུ་དམིགས་པ་དང་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་གྱོད་གཞི་ཚང་མ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།
     སྤྱི་བདེ་པུས་ལས་བྱེད་པའི་དཔུང་ཁག་ཁྲོད་གནས་པའི་གནད་དོན་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་གྲལ་བཤེར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཉེན་རྟོག་པ་ནན་སྐྱོང་གི་བྱེད་ཐབས་ཁག་དམིགས་སའི་རང་བཞིན་ལྡན་པའི་ངང་ལེགས་སུ་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་བཟང་སྒྲིག་ནན་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། རྒྱལ་ཁབ་བདེ་འཇགས་པུས“བརྟག་ཞིབ་གྲུབ་འབྲས་སྤེལ་རེས་ཆེ་མོ”དང་། “ལག་ལེན་གྲུབ་འབྲས་དཔྱད་ཞིབ་ཆེ་མོ” “དག་ཐེར་གྲུབ་འབྲས་འགྲེམས་སྟོན་ཆེ་མོ” “སྒྲིག་སྲོལ་ལམ་ལུགས་གསེད་བཀྲོལ་ཆེ་མོ”སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་བ་རེད། ཁྲིམས་འཛིན་པུས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ་མང་བསྡུས་གནད་དོན་འཚོལ་བཤེར་དང་གསལ་ཐོ་བཟོས་ཏེ་ཕྱོགས་ཡོངས་ནས་དག་ཐེར་དང་བཅོས་སྒྲིག་བྱས་པ་རེད།
     ཀྲུང་དབྱང་གསར་འགྱུར་ཚན་པ་ཁག་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་གཙོ་ཤུགས་དམག་དང་། ཐབས་ལམ་གཙོ་བོ། གཡུལ་ས་གཙོ་བོ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དེ་རང་ངོས་ཀྱི་བསམ་བློ་དང་། འགན་འཁྲི། ལས་ཀའི་དོན་དངོས་བཅས་དང་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བརྗོད་དོན་གཙོ་བོའི་སློབ་གསོར་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
     མི་དམངས་ཉིན་རེའི་ཚགས་པར་ཁང་གིས་རིམ་སྤེལ་དཔྱད་གཏམ་པའི་རྩོམ་ཡིག་དང་། “ཀྲུང་དབྱིང”དཔྱད་གཏམ་རྩོམ་ཡིག ཆེད་སྒྲིག་ལེ་ཚན་བཏོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱར་རྒྱས་བཤད་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་དང་། དམིགས་ཚད་ལས་འགན། འཕེལ་རིམ་ཕན་འབྲས་བཅས་དྲིལ་བསྒྲགས་གཏིང་ཟབ་བྱས་ཡོད། ཤིན་ཧྭ་གསར་འགྱུར་ཁང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་གསར་འགྱུར་འཕྲིན་སྤེལ་དང་བྱ་གཞག་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་དང་སྤེལ་གཏོང་ལ་དམིགས་ཏེ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་དུས་ཐོག་ཏུ་མཚོན་པར་བྱས་ནས་སློབ་སྦྱོང་དང་བརྟག་ཞིབ་ཀྱི་གྲུབ་འབྲས་ནུས་ལྡན་ངང་གཞན་འགྱུར་བྱེད་པར་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ལས་ཁུངས་ཀྱི“འགོ་བརྗོད་འདུ་འགོད”མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང《རྒྱང་ལམ་གསར་པ་ནས་ཀྲུང་གོར་ལྟ་བ》སོགས་བརྩམས་ཆོས་རྩེ་གྲ་ཧུར་ཐག་བརྩམས་ཏེ་ཏང་གི་གསར་གཏོད་རིགས་གཞུང་མི་སེར་དཀྱུས་མའི་ཁྲོད་དུ་ཁྱབ་པར་བྱས་པ་དང་ཆབས་ཅིག ནུས་པ་ལྡན་པ་དང་ཕན་འབྲས་ཐོན་པའི་སྒོ་ནས་ཕྱི་ཕྱོགས་སུ་ཁྱབ་སྤེལ་བཏང་སྟེ་ཕྱི་རྒྱལ་དུ་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་དགོངས་པའི་བློ་གྲོས་དང་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།