འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཛམ་གླིང”ཞེས་པའི་ཚོམས་ཆེན་སྔོན་པོའི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་23ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཡི“འཛམ་གླིང་མཇལ་མོལ་ཚོམས་ཆེན”དུ་འཚོགས་པའི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཛམ་གླིང”ཞེས་པའི་ཚོམས་ཆེན་སྔོན་པོའི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས། དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་ཉེ་རབས་ཚུན་དུ་ཀྲུང་གོ་མི་དམངས་ཀྱི་རྒྱུན་སྲིང་ལྷོད་མེད་ཀྱི་བརྩོན་ལེན་ཞིག་ཡིན་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བརྩོན་ལེན་ཞིག་ཀྱང་ཡིན། རྒྱལ་ཁབ་ཅིག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར། དེང་རབས་ཅན་གྱི་སྤྱིར་བཏང་གི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་ལ། རྒྱལ་ཁབ་དེ་རང་གི་དོན་དངོས་དང་འཚམ་ཞིང་རྒྱལ་ཁབ་དེ་རང་གི་ཁྱད་ཆོས་ཀྱང་ལྡན་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དུས་ཡུན་རིང་པོར་དཀའ་སྤྱད་འཚོལ་ཞིབ་བྱས་པ་བརྒྱུད་ཀྲུང་གོའི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཧུར་ཐག་གཏོད་པ་དང་། མིའི་རིགས་ལ་དེང་རབས་ཅན་གྱི་འགྲོ་ལམ་དང་དེ་བས་ལེགས་པའི་སྤྱི་ཚོགས་ཀྱི་ལམ་ལུགས་འཚོལ་ཞིབ་བྱེད་པར་སྒུལ་ཤུགས་གསར་པ་མཁོ་འདོན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཛམ་གླིང”ཞེས་པའི་ཚོམས་ཆེན་སྔོན་པོའི་གླེང་སྟེགས་དེ་ཀྲུང་གོ་སྤྱི་པའི་ཕྱི་འབྲེལ་མཐུན་ཚོགས་དང་། ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་80ལྷག་ཙམ་གྱི་སྲིད་གཞུང་དང་། ཇུས་འདོན་ཚོགས་པ། སྨྱན་སྦྱོར་བཅས་ཀྱི་སྐུ་ཚབ་ད་ཐེངས་ཀྱི་གླེང་སྟེགས་ནང་ཞུགས་ཡོད་པ་རེད།