འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།@སློབ་ཆེན་སློབ་མ་ཚོ། ཆེད་ལས་གསར་པ་རིཊ་21བསྣན་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་21ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། སློབ་གསོ་པུས་2022ལོའི་ལོ་འཁོར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཐོ་འགོད་སྙན་ཞུ་དང་ཞིབ་མཆན་གྱི་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་། ཐོ་འགོད་སྙན་སེང་གི་ཆེད་ལས་1641གསར་དུ་བཙུགས་པ་དང་། ཆེད་ལས་176ལ་ཞིབ་མཆན་བཀོད་པ(རྒྱལ་ཁབ་ཀྱི་ཚོད་འཛིན་བཀོད་སྒྲིག་བྱ་ཡུལ་150དང་། རིགས་21དང་དཀར་ཆག་ཕུད་པའི་ཆེད་ལས་གསར་པ་26ཚུད་པ།)དང་། སློབ་གནས་སྤྲོད་རིགས་སམ་ཡང་ན་སློབ་སྦྱོང་ལོ་ཚད་ཀྱི་ཆེད་ལས་62ལེགས་སྒྲིག་བྱས་པ་རེད། ད་ཐེངས་ཀྱི་ཐོ་འགོད་སྙན་སེང་དང་། ཞིབ་མཆན་འགོད་པ། ལེགས་སྒྲིག་བཅས་ཀྱི་ཆེད་ལས་འབྲེལ་ཡོད་མཐོ་སློབ་ཀྱི་2023ལོའི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་འཆར་གཞིའི་ནང་འཇུག་རྒྱུ་ཡིན་པ་རེད། གཞན་ཡང་། མཐོ་རིམ་སློབ་གྲྭ་ཁག་ཅིག་གིས་མེད་པར་བཟོ་རྒྱུའི་རེ་འདུན་ཞུས་པའི་ཆེད་ལས་925ལ་ཐོ་འགོད་བྱས་ཡོད། 
     སློབ་གསོ་པུས་མཐོ་སློབ་ལ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁོངས་འཕེལ་རྒྱས་ལ་དགོས་མཁོ་ཆེ་བའི་འབྲེལ་ཡོད་ཆེད་ལས་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཤིང་། ད་ཐེངས་སའི་གོ་ལའི་ཁོངས་གཏོགས་ཀྱི་ཚན་རིག་དང་། སྐྱེ་དངོས་སྡོམ་རྩིས་རིག་པ། འབྱུང་འགྱུར་འཕྲུལ་མི། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ། སྨན་བཅོས་བཟོ་རིག གྲོང་གསེབ་བཅོས་སྐྱོང་། ཁྱིམ་ཚང་གི་སློབ་གསོ། གེགས་མེད་དོ་དམ་སོགས་ཆེད་ལས་གསར་པ་21གསར་དུ་བསྣན་པ་མ་ཟད།《མཐོ་སློབ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག》ནང་དངོས་སུ་བཅུག་པ་རེད། མཐོ་སློབ་ཀྱིས་རིག་ཚན་དང་ཆེད་ལས་སྣོལ་སྡེབ་མཉམ་འདྲེས་འཚོལ་ཞིབ་ཧུར་ཐག་བྱས་ནས། མཉམ་འདྲེས་རྣམ་པའི་གསར་གཏོད་ཤེས་ལྡན་པ་རྩེ་གྲ་གསོ་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་ཆེད། བཟོ་རྩལ་རིགས་པའི་འོག་སྣོལ་སྡེབ་ལས་གྲྭའི་ཆེད་ལས་གསར་སྣོན་ཐེངས་དང་པོ་བྱས་པ་རེད། མིག་སྔའི་བར་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག་ནང་ཆེད་ལས་སྣ་ཁ་93དང་ཆེད་ལས་རིགས་792ཚུད་ཡོད་པ་རེད།
     བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཆེད་ལས་ཁ་སྣོན་དང་། ཕྱིར་འཐེན། ལེགས་སྒྲིག་བཅས་ཆེད་ལས་བཀོད་སྒྲིག་བྱ་ཡུལ་2800ལྷག་ཙམ་ཡོད་པ་དེས། མིག་སྔའི་ཆེད་ལས་བཀོད་སྒྲིག་བྱ་ཡུལ་བསྡོམས་འབོར་གྱི་4.5%བཟུང་ཡོད། རིག་ཚན་གྱི་སྣ་ཁ་ནས་བལྟས་ན། བཟོ་རྩལ་རིག་པ་དང་འབྲེལ་བ་ཡོད་པའི་ཆེད་ལས་ཀྱི་གྲངས་འབོར་མང་ཤོས་ཡིན་པ་དང་། ཆེད་ལས་1074ཡོད། ས་ཁོངས་བཀོད་སྒྲིག་ཐད་ནས་བལྟས་ཚེ། དབུས་ནུབ་རྒྱུད་ཀྱི་མཐོ་སློབ་དང་འབྲེལ་བ་ཡོད་པའི་ཆེད་ལས་1503ཡོད་པ་དེས་50%ལྷག་ཙམ་བཟུང་ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས་སྣ་ཁའི་གྲུབ་ཚུལ་དང་ས་ཁོངས་བཀོད་སྒྲིག་གྲུབ་ཚུལ་སྔར་ལས་ལེགས་སྒྱུར་བྱས་པ་དང་། མཐོ་སློབ་ཀྱིས་རང་འགུལ་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་དང་ནུས་པ་སྔར་བས་ཆེ་རུ་བཏང་ཡོད།