འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སུན་གོ་ཞང་གིས་ལྐོག་རྔན་བླངས་པའི་གྱོད་དོན་འདྲི་གཅོད་དང་པོ་བྱེད་འགོ་ཚུགས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་21ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སུན་གོ་ཞང་གིས་ལྐོག་རྔན་བླངས་པའི་གྱོད་དོན་འདྲི་གཅོད་དང་པོ་བྱེད་འགོ་ཚུགས།
    2023ལོའི་ཟླ་4ཚེས་20ཉིན། ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས། ལེའོ་ཉིང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རེན་གཞོན་པ་སུན་གོ་ཞང་གིས་ལྐོག་རྔན་བླངས་པའི་གྱོད་དོན་ཞིབ་གཅོད་བྱས་པ་རེད། ལང་ཧྥང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་མི་སྣ་ཁྲིམས་རར་མངགས་ནས་གཞུང་གཏུག་བྱེད་རོགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་སུན་གོ་ཞང་དང་ཁོ་པའི་དག་འབུད་པ་ཁྲིམས་རར་བཅར་ནས་གཏུག་བཤེར་ལ་ཞུགས།
   ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། 2008ལོ་ནས་2018ལོ་བར། ཞུ་སྦྱོར་ཕྱི་མ་བ་སུན་གོ་ཞང་གིས་ལེའོ་ཉིང་ཞིང་ཆེན་ཕན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་འགོ་འཛིན་གྱི་ལས་ཚབ་དང་གྲོང་ཁྱེར་གྱི་འགོ་འཛིན་དང་། ཀྲུང་གུང་ཕན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་སོགས་པའི་གོ་གནས་ཀྱི་སྟབས་བདེ་དང་དེ་བཞིན་རང་ཉིད་ཀྱི་འགན་དབང་དང་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་པ་དང་། རྒྱལ་ཁབ་ཀྱི་ལས་དོན་མི་སྣ་གཞན་དག་གི་གོ་གནས་ཀྱི་བྱ་སྤྱོད་ལ་བརྟེན་ནས། འབྲེལ་ཡོད་ཀུང་སིར་དངུལ་ཁང་གི་དངུལ་བུན་དང་ཆེད་དོན་མ་དངུལ་སོགས་པའི་རོགས་རམ་ཐོབ་ཐབས་བྱས་པ་དང་། གཞན་གྱིས་སྤྲད་པའི་ཁྱོན་མི་དམངས་ཤོག་སྒོར་ཁྱོན་བསྡོམས་ཁྲི་765ལྷག་ཙམ་ཁྲིམས་འགལ་ངང་བླངས་སྟབས། ལྐོག་རྔན་ལེན་པའི་བྱས་ཉེས་བསགས་པའི་མིང་ཐོག་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་སུན་གོ་ཞང་གི་ཉེས་འགན་བདའ་འདེད་གཏོང་རེ་ཞུས་པ་རེད།
   ཁྲིམས་སར་འདྲི་གཅོད་བྱེད་སྐབས། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་ཞིང་། ཞུ་སྦྱོར་ཕྱི་མ་བ་སུན་གོ་ཞང་དང་ཁོ་པའི་དག་འབུད་པས་ངོས་འཛིན་ར་སྤྲོད་བྱས་པ་དང་། རྩོད་བཤེར་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག རྩོད་བཤེར་གྱི་བསམ་འཆར་གང་ལེགས་བཏོན་ཞིང་། སུན་གོ་ཞང་གིས་མཐའ་མའི་གསལ་བཤད་བྱས་ཏེ་ཁྲིམས་སར་རང་ཉེས་ངོས་ལེན་ཞུས་པ་དང་འགྱོད་བཤགས་བྱས།
   ཁྲིམས་སའི་འདྲི་གཅོད་མཇུག་བསྒྲིལ་རྗེས། ཁྲིམས་རས་ཁྲིམས་ས་འཚོག་མཚམས་འཇོག་པའི་ཁྱབ་བསྒྲགས་བྱས་པ་དང་། དུས་བསྟུན་གྱིས་དཔྱད་མཚམས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད། 
མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། གསར་འགྱུར་འགོད་མཁན། ལས་རིགས་ཁག་གི་མང་ཚོགས་བཅས་མི་གྲངས་30ལྷག་ཙམ་གྱིས་ཁྲིམས་སའི་འདྲི་གཅོད་ཟུར་ཉན་བྱས་པ་རེད།