༄༅།།དྲག་པོའི་གདོང་ཐུག་ཁྲོད་མི་2800ལྷག་ཙམ་ཤི་རྨས་བྱུང་།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 04ཚེས་20ཉིན། 13:16】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་4ཚེས་19ཉིན། ཕྱི་རྒྱལ་གྱི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་གཉིས་ས་གནས་དེ་གའི་དུས་ཚོད་ཚེས་18ཉིན་གྱི་ཆུ་ཚོད་18ནས་བཟུང་དམག་མཚམས་འཇོག་རྒྱུ་ཡིན་པ་རེད། ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ། ཕྱོགས་གཉིས་པོ་ཡང་བསྐྱར་གདོང་ཐུག་བྱུང་བ་རེད། སུའུ་ཏན་འཕྲོད་བསྟེན་པུའི་གཞི་གྲངས་ལྟར་ན། ད་ཐེངས་ཀྱི་གདོང་ཐུག་ནང་མི་270རྐྱེན་ལམ་དུ་ཤོར་བ་དང་མི་2600ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་དང་དབྱིན་ཇིའི་རླུང་འཕྲིན་ཀུང་སི་སོགས་པའི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། སུའུ་ཏན་གྱི་དྲག་ཆས་དཔུང་སྡེ་དང་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་གཉིས་ཚེས་18ཉིན་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་ནས། ཕྱོགས་གཉིས་པོས་ཉིན་དེའི་ཆུ་ཚོད་18ནས་བཟུང་། དམག་མཚམས་ཆུ་ཚོད་24འཇོག་རྒྱུ་ཡིན་པ་རེད། དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གོ་ཆོད་ནས་ཆུ་ཚོད་ཁ་ཤས་སོང་རྗེས། སུའུ་ཏན་གྱི་རྒྱལ་ས་ཁར་ཐུའུ་མུའུ་རུ་སླར་ཡང་མེ་མདའི་སྒྲ་དྲག་པོ་གྲགས་པ་རེད།
ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། གདོང་ཐུག་ཕྱོགས་གཉིས་ཀས་གསལ་བསྒྲགས་སྤེལ་ནས། ཕ་རོལ་པོས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལས་འགལ་འདུག་ཅེས་སྐྱོན་འཛུགས་བྱས་པ་རེད། སུའུ་ཏན་གྱི་དྲག་ཆས་དཔུང་སྡེས་རྒྱལ་ས་དང་ས་ཁུལ་གཞན་དག་གི་བདེ་འཇགས་འགན་ལེན་བྱེད་ཕྱིར་མུ་མཐུད་དེ་ལྟར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་ཏི་ཡཱ་ལི་ཁེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ནས་གདོང་ཐུག་མཚམས་འཇོག་གི་སྣང་ཚུལ་གང་ཡང་མ་མཐོང་ཟེར།
ཚེས་18ཉིན། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སུའུ་ཏན་འཕྲོད་བསྟེན་པུའི་གནས་འཕྲིན་དྲངས་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ད་རེས་ཀྱི་གདོང་ཐུག་ནང་མི་270རྐྱེན་ལམ་དུ་ཤོར་བ་དང་མི་2600ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། རྒྱ་གྲམ་དམར་པོའི་ཚོགས་པ་དང་ཟླ་གསར་དམར་པོའི་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་18ཉིན་ཐ་ཚིག་བསྒྲགས་ནས། ད་ལམ་ཁར་ཐུར་མུའུ་དང་དེའི་མཐའ་འཁོར་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་ཞབས་ཞུ་ཧ་ལམ་བྱེད་མི་ཐུབ་པས། སུའུ་ཏན་གྱི་འཕྲོད་བསྟེན་མ་ལག་ཐོར་ཞིག་ཏུ་འགྲོ་བའི་ཉེན་ཁ་འཕྲད་ཡོད་ཅེས་བརྗོད།
སུའུ་ཏན་གྱི་དྲག་ཆས་དཔུང་སྡེ་དང་མྱུར་སྐྱོར་དཔུང་སྡེའི་བར་གྱི་དྲག་པོའི་གདོང་ཐུག་ནི་ཟླ་འདིའི་ཚེས་15ཉིན་ནས་བྱུང་བ་དང་། གདོང་ཐུག་སྔ་ཤོས་ནི་ཁར་ཐུའུ་མུའུ་ལྷོ་འདབས་ཀྱི་མྱུར་སྐྱོར་དཔུང་སྡེའི་དམག་སྤྱི་ཁང་དུ་ལངས་པ་དང་། ཕྱིས་སུ་ཁར་ཐུའུ་མུའུ་གྲོང་ཁྱེར་ཡོངས་དང་ཁུལ་གཞན་དག་ཏུ་མགྱོགས་མྱུར་ཁྱབ་པ་རེད། གདོང་ཐུག་གི་ཐད་ཀའི་རྒྱུ་རྐྱེན་ནི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེས་དམག་དཔུང་སྒྱུར་བཅོས་འཆར་གཞིའི་ཁྲོད་ཀྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་སྐམ་དམག་ནང་ཟླ་སྒྲིལ་བའི་བཀོད་སྒྲིག་ལ་ཡིད་མི་ཚིམ་པ་དེ་རེད།
