འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཡིས་དཀའ་ངལ་ཡོད་པའི་སློབ་མ་6099ལ་རོགས་དངུལ་སྒོར་ཁྲི་5600ལྷག་ཙམ་སྤྲད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་18ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཐིང་གིས་ཉིན་ཤས་གོང་འཚོགས་པའི“བྱ་བ་དངོས་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་པ་དང་། དངོས་སྒྲུབ་ལ་བརྟེན་ནས་ཀན་སུའུ་དར་རྒྱས་གཏོང་བའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2022ལོར་ཀན་སུའུ་ཞིང་ཆེན་གྱི་དམངས་ལ་བྱ་བ་དངོས་སྒྲུབ་པའི“དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་མཐོ་སློབ་དཀྱུས་མར་འགྲོ་བའི་མ་དངུལ་རོགས་སྐྱོར”རྣམ་གྲངས་ཀྱིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཁྱོན་6099(དེར་དངོས་གཞིའི་ཚན་ཁག་རིགས་ཀྱི་སློབ་མ་3821དང་ཆེད་ཚན་ཚན་ཁག་རིགས་ཀྱི་སློབ་མ་2278)ལ་མ་དངུལ་རོགས་སྐྱོར་བྱས་ནས་རོགས་དངུལ་སྒོར་ཁྲི་5643.4སྤྲད་པ་རེད། རོགས་དངུལ་སྒོར་ཁྲི་5643.4ཡི་ནང་ཀན་སུའུ་ཞིང་ཆེན་ནོར་སྲིད་ཀྱིས་ཆེད་དངུལ་སྒོར་ཁྲི་4985བཏང་བ་དང་། གུང་གཞོན་སྡེ་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་658.4བསྡུ་རུབ་བྱས་ཤིང་། དངོས་གཞིའི་ཚན་ཁག་དང་ཆེད་ཚན་ཚན་ཁག་གི་རོགས་དངུལ་ཁག་གཉིས་ཚང་མ“ཐོགས་མེད་བགྲོད་ལམ”བརྒྱུད་སྤྲད་པ་རེད།
     “དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་མཐོ་སློབ་དཀྱུས་མར་ཞུགས་པའི་མ་དངུལ་རོགས་སྐྱོར”རྣམ་གྲངས་ཀྱིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ཁྱིམ་ཚང་གི་བུ་ཕྲུག་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ཁྱིམ་ཚང་གི་བུ་ཕྲུག(རིགས་དང་པོ་དང་གཉིས་པ) “མི་གཅིག་དུད་ཚང”གི་འགན་སྲུང་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དྭ་ཕྲུག གསོ་མཁན་མེད་པའི་བྱིས་པ་སོགས་རིགས་6གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཆེན་སློབ་མ་གསར་པར་སློབ་ཞུགས་རོགས་དངུལ་སྤྲད་པ་དང་། དེའི་ནང་དངོས་གཞིའི་ཚན་ཁག་སློབ་གྲྭར་ཚུད་མཁན་ལ་སྤྲོད་གཅིག་མར་མི་རེར་སྒོར་10000དང་། ཆེད་ཚན་ཚན་ཁག(མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ཚན)སློབ་གྲྭར་ཚུད་མཁན་ལ་སྤྲོད་གཅིག་མར་མི་རེར་སྒོར་8000གི་ཁ་གསབ་རོགས་དངུལ་སྤྲད་ཡོད་པ་རེད།