འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་17ཉིན། 11:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     《བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་ནས་འབྱུང་འགྱུར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བརྒྱད་པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་ནས་འབྱུང་འགྱུར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་དགོས》ཞེས་པ་བཀོད་ཡོད།
     རྩོམ་ཡིག་ཏུ་ནན་བཤད་གནང་དོན། རང་རྒྱལ་གྱི་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོངས་རྫོགས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་སྐྱོད་པའི་གཞི་ཁྱོན་འདི། ད་ཡོད་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་འབོར་བསྡོམས་འབོར་ལས་བརྒལ་ཡོད། དེའི་དཀའ་ཚེགས་ཆེ་བའི་རང་བཞིན་དང་རྙོག་འཛིང་ཆེ་བའི་རང་བཞིན་ནི་སྔར་འབྱུང་མྱོང་མེད་པ་ཞིག་ཡིན་པས། ངེས་པར་དུ་འཕེལ་རྒྱས་ཀྱི་དབང་ཆ་གཙོ་བོ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། རང་རྒྱལ་ནི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དཔལ་འབྱོར་སྡེ་གཞི་ཞིག་རེད། གཞི་ཁྱོན་ཤིན་ཏུ་ཆེ་བའི་དཔལ་འབྱོར་སྡེ་གཞིར་ནང་ཁུལ་དུ་འཁོར་རྒྱུག་བྱ་ཆོག་ལ་ངེས་པར་དུ་ནང་ཁུལ་དུ་འཁོར་རྒྱུག་ཀྱང་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ་ནི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ལ་གཞི་ཚུགས་པ་དང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་བཏོན་པའི་འཐབ་ཇུས་བཀོད་ཇུས་ཤིག་དང་། འབྱུང་འགྱུར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་པ་དོན་དངོས་ལས་ར་འཕྲོད་གང་ལེགས་ཐུབ་ཡོད། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་ན། གཞི་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་ཐུབ་པ་དང་། འཕེལ་རྒྱས་ཀྱི་བདེ་འཇགས་ཀྱི་རང་བཞིན་དང་བརྟན་པོའི་རང་བཞིན་ཆེ་རུ་གཏོང་ཐུབ་པ། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་དྲག་ཆར་རླུང་འཚུབ་དང་འཇིགས་སུ་རུང་བའི་རྦ་རླབས་ཀྱི་ཁྲོད་དུ་རང་རྒྱལ་གྱི་འཚོ་གནས་ཀྱི་ནུས་པ་དང་། འགྲན་རྩོད་ཀྱི་ནུས་པ། འཕེལ་རྒྱས་ཀྱི་ནུས་པ། རྒྱུན་མཐུད་ཀྱི་ནུས་པ་བཅས་ཆེ་རུ་གཏོང་ཐུབ་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་འགོར་དུ་མི་འགྲོ་བ་དང་ཐ་ན་མཚམས་མི་ཆད་པའི་འགན་ལེན་བྱུང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་ཡོང་ཐུབ།
     རྩོམ་ཡིག་ཏུ་བསྟན་དོན། ལོ་གཉིས་ལྷག་ཙམ་རིང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་ཏན་ཏིག་བཏང་བར་གྲུབ་འབྲས་ཁག་གཅིག་ཐོབ་ཅིང་། བསམ་བློའི་ཐུན་མོང་ངོས་འཛིན་ཟམ་མི་ཆད་པར་གཅིག་ཏུ་སྒྲིལ་ཐུབ་པ་དང་། ལས་ཀའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ། སྲིད་ཇུས་དང་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད་མོད། འོན་ཀྱང་ད་དུང་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ལྷག་ཡོད། ཁྱོན་ཡོངས་ནས་བལྟས་ན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་གཏོད་པ་ནི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་རེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པར་ཚད་གཉིས་ནས་ཞིབ་འཇུག་དང་བཀོད་སྒྲིག་བྱེད་དགོས་པ་སྟེ། གཅིག་ནས་དེ་བས་དམིགས་ས་ཡོད་པའི་སྒོ་ནས་རང་རྒྱལ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ཞན་ཆ་མགྱོགས་མྱུར་སེལ་བ་དང་ཆད་སྐྱོན་མགྱོགས་མྱུར་གསབ་ནས་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་བདེ་བླག་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་བློས་འགེལ་ཆོག་པའི་རང་བཞིན་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་འཁོར་རྒྱུག་གི་ཡིད་དབང་འགུག་ཤུགས་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས།
     རྩོམ་ཡིག་ཏུ་ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པར་ཚོད་འཛིན་ཕོག་པའི་འགལ་ཟླ་གཙོ་བོ་སེལ་བ་དང་། གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་པ། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ལག་ལེན་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་ལེགས་ཆ་དར་སྤེལ་དང་། ཞན་ཆ་སེལ་བ། ཆད་སྐྱོན་གསབ་པ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད། གཅིག་ནས་ནང་མཁོ་ཆེ་རུ་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྤྱི་འདོམས་དེ་བས་ལེགས་པ་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་སྒུལ་ཤུགས་དང་བློས་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་དགོས་པ་དང་། ནང་མཁོ་ཆེ་རུ་གཏོང་བའི་འཐབ་ཇུས་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་ཟུང་འབྲེལ་དམ་ཟབ་ཀྱིས། མཁོ་སྤྲོད་དང་དགོས་མཁོ་ཕྱོགས་གཉིས་ནས་དུས་གཅིག་ཏུ་ཤུགས་རྒྱག་པ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། དགོས་མཁོས་མཁོ་སྤྲོད་ཀྱི་སྣེ་འཁྲིད་པ་དང་མཁོ་སྤྲོད་ཀྱིས་དགོས་མཁོ་གསར་གཏོད་བྱེད་པའི་ཆུ་ཚད་དེ་བས་མཐོ་བའི་འགུལ་རྣམ་དོ་སྙོམས་ཡོང་བར་བྱས་ནས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོང་བར་བྱེད་དགོས་པ་དང་། གཉིས་ནས་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ཀྱི་གོམ་སྟབས་མགྱོགས་མྱུར་སྤོས་ཏེ་ཕྱི་རྒྱལ་གྱིས“སྐེ་བཙིར་གཏོང་བའི”གནད་དོན་ཐག་གཅོད་བྱེད་དགོས་པ། གསུམ་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ། བཞི་ནས་གྲོང་ཁྱེར་གྲོང་གསེབ་དང་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཁྱབ་རྒྱ་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྲོང་གསེབ་དང་ས་ཁོངས་ལ་མཐུན་སྦྱོར་འཕེལ་རྒྱས་བྱུང་ན། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་བར་སྟོང་གཞི་ནས་སྔར་ལས་ཆེ་རུ་དང་སྤུས་ཀ་སྔར་ལས་དག་ཏུ་འགྲོ་ཐུབ། ལྔ་ནས་སྒྱུར་བཅོས་སྒོ་དབྱེ་སྔར་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཆེན་པོའི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས།