འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དུད་ཚང་འདི་དག་ལ་ཁ་གསབ་སྒོར་ཁྲི་10སྟེར་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་14ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར་འཚོགས་པའི་ཀན་སུའུ་ཞིང་ཆེན་གྱི་སྣོད་བཅུད་དང་ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ད་ལོའི་གནས་སྤོའི་ལས་དོན་ཁྲོད། ཀན་སུའུ་ཞིང་ཆེན་གྱིས་གནས་སྤོས་དུད་ཚང་རེར་ནོར་སྲིད་ཁ་གསབ་སྒོར་ཁྲི་10སྤྲོད་རྒྱུ་དང་། དངུལ་བུན་གཡར་འདོད་ཡོད་པའི་གནས་སྤོའི་དུད་ཚང་ལ་དུད་ཚང་རེར་སྒོར་ཁྲི་5ལས་མི་བརྒལ་བའི་སྐྱེད་གསབ་དངུལ་བུན་སྤྲོད་རྒྱུ་རེད། 
     2023ལོར་ཀན་སུའུ་ཞིང་ཆེན་གྱི་སྣོད་བཅུད་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་དེ་ནོར་སྲིད་དངུལ་རྩའི་རྒྱབ་སྐྱོར་དང་། ཁྲལ་བསྡུའི་རྒྱབ་སྐྱོར། ས་ཞིང་རྒྱབ་སྐྱོར་བཅས་ཀྱི་རྨང་གཞིའི་ཐོག་གནས་སྤོའི་བྱ་ཡུལ་གྱི་སྤྱི་ཚོགས་འགན་སྲུང་ལ་སྔར་ལས་ཤུགས་སྣོན་རྒྱག་རྒྱུ་དང་། གནས་སྤོའི་མང་ཚོགས་དང་བཀོད་སྒྲིག་ཁུལ་གྱི་གྲོང་མིར་འདྲ་མཉམ་གྱི་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་བཅོལ། སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་ཕན་བདེ་སོགས་སྤྱི་ཚོགས་འགན་ལེན་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་རེད། གནས་སྤོ་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞི་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་གྱིས་ཞིང་ལས་འཚམ་སར་ཞིང་ལས་བྱེད་པ་དང་། བཟོ་ལས་འཚམ་སར་བཟོ་ལས་བྱེད་པ། ཚོང་ལས་འཚམ་སར་ཚོང་ལས་བྱེད་པ། ཡུལ་སྐོར་འཚམ་སར་ཡུལ་སྐོར་བྱེད་པ་བཅས་ཀྱི་རྩ་དོན་ལ་གཞིགས་ནས། ས་ཆ་དེ་རང་དང་ཐག་ཉེ་སར་ལེ་ལག་ཚང་བའི་སྒོ་ནས་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། གནས་སྤོས་མང་ཚོགས་ཀྱིས་ཁྱིམ་ཚང་ཞིང་ར་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་གཉེར་སྐྱོང་གི་བྱེད་པོ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་འདེབས་གསོ་སོགས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་བཏང་ནས། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས། 
     ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་དང་ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་གྲུབ་འབྲས་ཕྱོགས་ཡོངས་དང་། ཡང་དག་པ། ཐད་མཐོང་བཅས་ཀྱི་སྒོ་ནས་མངོན་པར་བྱ་ཆེད། ཀན་སུའུ་ཞིང་ཆེན་གྱིས་ད་དུང་སྣོད་བཅུད་དང་ས་གཤིས་གནོད་འཚེ་གནས་སྤོའི་དོ་དམ་ཆ་འཕྲིན་མ་ལག་ཆེད་དུ་བཙུགས་ཡོད་པ་རེད། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཏིང་ཞུས་ཀྱིས་ངོ་སྤྲོད་བྱས་དོན། རང་བྱུང་ཐོན་ཁུངས་ཀྱི་འཆར་འགོད་དང་། ད་ལྟའི་གནས་བབ། དོ་དམ་སོགས་ད་ཡོད་ཀྱི་གཞི་གྲངས་ཀྱི་ཐོན་ཁུངས་སྣ་ཚོགས་ལ་གཞིགས་ནས། རང་ཞིང་ཆེན་གྱིས་དྲ་སྦྲེལ་+དང་། GIS སྲུང་སྐར་རྒྱང་ཚོར་སོགས་ལག་རྩལ་བྱེད་ཐབས་སྤྱད་དེ། གནས་སྤོས་ཁྱབ་ཁོངས་ཀྱི་གཞི་གྲངས་རིགས་6གཅིག་འདོམས་བྱས་ནས་འཕྲེད་ཕྱོགས་ནས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་བྱེད་པ་དང་། གཞུང་ཕྱོགས་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་ཉེན་གཡོལ་གནས་སྤོའི་ཆ་འཕྲིན་དོ་དམ་མ་ལག་འབྲེལ་མཐུད་བྱས་ཏེ། མཐིལ་རིས་གཅིག་རྨང་གཞིར་བྱས་ནས། རིམ་པ་སྟར་ཆགས་ཀྱིས་ཕྱེ་ཆོག་པའི་ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་དང་དེ་བཞིན་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི“པར་རིས་གཅིག”བཏོད་དེ། སྣོད་བཅུད་དང་དེ་བཞིན་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་འཕེལ་རིམ་ལ“དྲ་ཐོག་ནས་ཞིབ་བཤེར”དང་། གནས་སྤོའི་འགྱུར་ལྡོག“གནམ་ནས་བལྟ་བ”དང་། གཙོ་གནད་གནད་དོན“ཡུལ་དངོས་སུ་ཞིབ་བཤེར་བྱེད་པ”མངོན་འགྱུར་ཡོང་བ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་ཚན་རིག་དང་མཐུན་པ་དང་། གོ་རིམ་ལྡན་པ། ཚད་ལྡན་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་རོགས་རམ་བྱ་དགོས།