འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཡུ་སྒྲོན་ལྷ་མོའི་གངས་ཤུད་ཀྱི་ཕུགས་འདུན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་13ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཀྲེ་དང་། ཧུའུ་ཧུ་ཧུ། ཧོའོ་ཀྲའོ།
   ནམ་ཟླ་རིང་བའི་དགུན་དུས་སུ་གངས་ལྗོངས་ས་མཐོ་སྐྱ་ཐེར་ཐེར་དུ་གྱུར་ཡང་། ཉེ་འགྲམ་དུ་རྩེད་རོགས་ཡོད་པ་ལྟར་བོད་ཀྱི་ཞིང་འབྲོག་པའི་བུ་མོ་དཀྱུས་མ་ཞིག་ཡིན་པའི་གཡུ་སྒྲོན་ལྷ་མོ་ནི་གངས་ཤུད་ལུས་རྩལ་ལ་དགའ་བས་གནམ་གཤིས་གྲང་བའི་སྣང་བ་དེ་ཙམ་མེད་པ་མ་ཟད། དྲན་འཆར་ནང་རྟག་ཏུ་དགའ་སྤྲོའི་ངང་གངས་ཤུད་གློད་པ་ལས་མི་ཚེར་འགྱུར་ལྡོག་འགྲོ་སྙམ་པ་བློ་ཡུལ་དུའང་འཁོར་མྱོང་མེད་པ་རེད།
    ལོ་19ལ་སླེབས་པའི་གཡུ་སྒྲོན་ལྷ་མོ་ནི་བོད་ལྗོངས་ཉིང་ཁྲི་ནས་ཡིན་པ་དང་། སྤྱིར་བཏང་མིན་པའི་ལྷན་སྐྱེས་ཀྱི་གཟུགས་པོའི་སྐྱེ་སྟོབས་ཀྱིས་སློབ་ཆུང་འགྲིམ་སྐབས་གཟུགས་པོའི་ཆ་རྐྱེན་ཀུན་ལས་འབུར་དུ་ཐོན་སྟབས། མི་རིང་བར་ས་གནས་དེ་གའི་ལུས་རྩལ་སློབ་གྲྭས“མདུན་ལམ་བཟང་བར”མཐོང་ནས་བདམས་ཡོད།
    2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོག་པའི་སྐབས་དང་བསྟུན་ཏེ་བོད་ཀྱིས་རང་ངོས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་གངས་ཤུད་རྣམ་གྲངས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། གཡུ་སྒྲོན་ལྷ་མོ་ས་གནས་དེ་གའི་ན་གཞོན་ལུས་རྩལ་པ་ཕུལ་བྱུང་ཁག་གཅིག་དང་མཉམ་དུ་ཁང་ཕྱིའི་གངས་ཤུད་དང་གངས་ཤུད་རི་འཛེག་སོགས་ཀྱི་རྣམ་གྲངས་ནང་ཞུགས་ཡོད།
   གངས་ཤུད་རི་འཛེག་ནི་གངས་རིའི་ཁུལ་གྱི་ཡུལ་མིའི་རྒྱུན་གཏན་འཚོ་བ་ལས་བྱུང་བ་ཞིག་ཡིན་ཡང་རི་འཛེག་དང་གངས་ཤུད་ལུས་རྩལ་ཟུང་འབྲེལ་དམ་ཟབ་ཡོང་བར་ལུས་རྩལ་པ་ཚོས་ཆེད་མངགས་བཟོས་པའི་གངས་ཤུད་ཡོ་བྱད་དང་རི་འཛེག་སྒྲིག་ཆས་ལ་བརྟེན་ནས་གངས་རི་འཛེག་པའི་རྩལ་འགྲན་དགོས་ཀྱི་ཡོད། 1924ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་དང་པོར་གངས་ཤུད་རི་འཛེག་དེ་དངོས་གཞིའི་རྣམ་གྲངས་ཤིག་ཡིན་ཡང་། 2021ལོའི་ཟླ་7པར། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་གངས་ཤུད་རི་འཛེག་དེ་2026ལོའི་མི་ལན—ཁོར་ཏི་ན་ཏན་ཕེ་ཙུའོ་ཡི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དངོས་གཞིའི་འགྲན་བསྡུར་རྣམ་གྲངས་ལ་སླར་ཡང་བཅུག་ཡོད།
    རྒྱལ་ནང་དུ་གངས་ཤུད་གློད་པ་དང་རི་འཛེགས་པ་དེས་གཡུ་སྒྲོན་ལྷ་མོར་རང་ཉིད་ལ་དབང་བའི་གནམ་ས་ཞིག་རྙེད་ཡོད།
    “ང་རང་ཆུང་དུས་ནས་རང་མོས་གངས་ཤུད་རིགས་ཀྱི་འགྲན་བསྡུར་བལྟ་རྒྱུར་དགའ་བས་ཚོར་སྣང་ཟབ་མོ་བྱུང”ཞེས་གཡུ་སྒྲོན་ལྷ་མོས་བརྗོད་པ་དང་། ཁོང་གིས་གངས་ཤུད་གློད་པ་ལས་གངས་ཤུད་རི་འཛེག་དཀའ་ཚེགས་ཆེ་བ་ཡོད་པ་སྟེ། དྲོད་ཚད་དམའ་བའི་ཁོར་ཡུག་ཁྲོད་སྦྱོང་བརྡར་དང་འགྲན་བསྡུར་བྱས་པ་དེས། རྐང་པ་སར་བརྟན་པོ་བཙུགས་ཐུབ་ནས་གངས་རིའི་གསེབ་ཏུ་རང་དགར་བསྐྱོད་ཐུབ་ལ་རང་ངོས་ཀྱི་ལེགས་ཆ་སྔར་བས་འདོན་ཐུབ་པའི་ངོས་འཛིན་བྱས།
   སྦྱོང་བརྡར་བྱེད་རིང་། བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཐོན་ནས་གཡུ་སྒྲོན་ལྷ་མོའི་གཟུཌ་པོ་ཡོངས་ལ་རྨས་སྐྱོན་ཕོག དེ་དུས་ཁྱིམ་དུ་ཞིང་ཁ་འདེབས་པའི་སྐབས་ཡིན་པས། བར་ཐག་ལེ་དབར་སྟོང་གིས་ཆོད་པའི་ཕ་མ་གཉིས་སེམས་ཁྲལ་སྐྱེ་ཡོང་བསམས་ནས། ཁོང་གིས་མཚན་མོ་གཞི་ནས་ནང་མི་དང་བརྙན་ལམ་ནས་འབྲེལ་བ་བྱས་ཡོད། ཁོང་གིས“དེ་ལྟར་བྱས་ཚེ་ཕ་མ་གཉིས་པོས་རྨས་སྐྱོན་ཕོག་པའི་རྐྱེན་གྱིས་ཉིན་མོར་སྦྱོང་བརྡར་བྱས་མེད་པ་མི་ཤེས་ཆེད་རེད”ཅེས་བཤད། དྲག་སྐྱེད་ཡོངས་སུ་བྱུང་རྗེས་ཁོང་གིས་གཞི་ནས་ཕ་མར་གནས་ཚུལ་ངོ་མ་དེ་བཤད་ཡོད།
    འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཡུ་སྒྲོན་ལྷ་མོས་ཕ་ཡུལ་དྲན་པའི་སྡུག་བསྔལ་དང་སྦྱོང་བརྡར་བྱེད་ཐེངས་རེའི་དཀའ་སྡུག་ཁྱད་བསད་ཐུབ་ནས་མཐར་རང་ཉིད་ལས་རྣམ་པར་རྒྱལ་ཡོད།
     འདི་ལོའི་ཟླ་གཉིས་པར་སི་ཕེན་གྱི་ཅ་ཐའེ་ལུའོ་ཉི་ཡ་རུ་གཉེར་བའི་2023ལོའི་གངས་ཤུད་རི་འཛེག་གི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་རིང་ཕྱི་རྒྱལ་དུ་འགྲན་བསྡུར་ལ་ཐོག་མར་ཞུགས་པའི་གཡུ་སྒྲོན་ལྷ་མོས་མི་རྣམས་ཧང་སངས་དགོས་པ་བཟོས་ཤིང་། བུད་མེད་ཀྱི་U20ཚོགས་ཆུང་གི་ཐག་ཐུང་རྣམ་གྲངས་ནང་ཨང་དང་པོ་བླངས་ནས་ཀྲུང་གོའི་རུ་ཁག་ལ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་གངས་ཤུད་རི་འཛེག་གི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོག་མ་བླངས་པ་རེད།
     གཡུ་སྒྲོན་ལྷ་མོས་རྒྱལ་ནང་དུ་ཡོད་པའི་ཕ་མར་གཏམ་བཟང་དེ་བརྗོད་སྐབས། ནང་མིས་དེའི་གལ་འགངས་ཆེ་ལུགས་འཕྲལ་མར་རྟོགས་མེད་ནའང་། བཀྲ་ཤིས་བདེ་ལེགས་ཞུ་བར་ཡོང་མཁན་ཇེ་མང་དུ་ཕྱིན་རྗེས་ནང་མིས“འཛམ་གླིང་གི་ཨང་དང་པོ”ཐོབ་པ་གཞི་ནས་ཤེས།
     ལུས་རྩལ་གྱི་ལོ་རྒྱུས་ལམ་བུའི་ལམ་ཚད་རྡོ་རིང་དེར་ཕྱིར་དྲན་བྱེད་སྐབས། གཡུ་སྒྲོན་ལྷ་མོས“རང་ཉིད་ཀྱིས་ཐུར་དུ་གངས་ཤུད་གློད་པའི་ལག་རྩལ་དེ་ཕྱི་རྒྱལ་གྱི་གངས་ཤུད་མཁས་པ་དང་བསྡུར་ཚེ་ཧེ་བག་ངེས་ཅན་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པར་ཨང་དང་པོ་ཐོབ་སོང་ཕྱི་རྒྱལ་གྱི་བུད་མེད་ཚོ་བློ་ཁོག་ཆེ་ལ་ལག་རྩལ་བྱང་ཆུབ་པས། ང་ཚོའི་རུ་ཁག་གི་སྐྱེས་པ་ཚོའི་རྗེས་ཟིན་གྱི་འདུག”ཅེས་བརྗོད།
    འཁྱགས་ཤུད་འགྲན་བསྡུར་བྱེད་རིམ་བཞིན་གཡུ་སྒྲོན་ལྷ་མོས་གདམ་ག་དང་འགྲན་སློང་རེ་རེའི་བཀའ་དྲིན་ཚོར་བཞིན་ཡོད།
   “ངས་ལམ་དེར་བསྐྱོད་རྒྱུ་འགྲིག་འདུག་སྙམ་གྱི་འདུག གང་ལགས་ཤེ་ན། དེ་ནི་ལུས་རྩལ་ལ་བརྟེན་ནས་རང་ཉིད་ལ་གང་ཞིག་དགོས་འདོད་ཡོད་པ་དེ་བས་གསལ་པོ་ཤེས་ལ། རང་སྐྱ་འཕེར་བ་དང་གདེང་ཚོད་ཆེ་རུ་སོང་བ་དང་འཚར་ལོངས་མྱུར་པོ་བྱུང་བས་ཡིན་པ་ལས་རང་ཉིད་ལ་ཐོབ་པའི་གྲུབ་འབྲས་ཀྱིས་མིན”ཞེས་བཤད།
   ད་ཆ་གཡུ་སྒྲོན་ལྷ་མོ་རུ་ཁག་དང་མཉམ་དུ་ཤིན་ཅང་ཕུའུ་ཡུན་རྫོང་ཁོ་ཁོ་ཐོ་ཧའེ་རུ་གཉེར་བའི་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་འགྲན་བསྡུར་སྐབས་དང་པོའི་ཨང་དང་པོའི་འགྲན་བསྡུར་ལ་ཞུགས་བཞིན་ཡོད། ངལ་གསོའི་སྐབས་སུ། ཁོང་གིས་མི་རིང་བར་སླེབས་ཉེར་ཡོད་པའི་གུང་གསེང་ལ་ཁྱིམ་དུ་ལོག་འདོད་བྱེད་ཀྱི་ཡོད། ཁོང་གིས“ཁྱིམ་དུ་མ་ལོག་པར་ལོ་གཉིས་དང་ཕྱེད་ཀ་ཕྱིན་པས། ཨ་མས་བཟོས་པའི་ཞོག་ཁོག་མོག་མོག་ད་ལྟ་བཟའ་རྒྱུ་བྱུང་ན་ཅི་མ་རུང”ཞེས་བཤད།
    གངས་ཤུད་རི་འཛེག་བྱ་བར་ཞུགས་པ་ནས་བཟུང་། གཡུ་སྒྲོན་ལྷ་མོའི་དམིགས་ཡུལ་ལ་འགྱུར་བ་ཕྱིན་མེད་པ་སྟེ། 2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་སྟེགས་བུའི་ཐོག་བྱ་དགའ་ལེན་ཐུབ་པ་བྱེད་རྒྱུ་དེ་ཡིན་པ་རེད།
    ཁོང་གིས“ད་དུང་དུས་ཚོད་ལོ་གསུམ་ཡོད་སྟབས། ངས་འབད་བརྩོན་ལྷོད་མེད་བྱས་ཏེ་དམིགས་ཚད་འདི་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།