༄༅།།ཀ་པོན། མཛེས་སྡུག་ལྡན་པའི་ཚ་ཁུལ་ནགས་ཚལ་ནམ་ཡང་མི་ཉམས་པར་བྱས།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 04ཚེས་10ཉིན། 09:43】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཙའུ་སུང་།
ཀ་པོན་ནི་ཁོང་ཀོ་གཤོང་སར་གནས་པ་དང་། ནགས་ཚལ་ཁྱབ་ཚད་88%ཟིན་ཡོད། མཁའ་དབྱིངས་ནས་བལྟས་ཚེ་རྒྱལ་ཁབ་ཡོངས་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་ཤིང་། ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད།
2021ལོར་ཀ་པོན་གྱིས་ནགས་ཚལ་སྲུང་སྐྱོང་ཧུར་ཐག་དང་ཐཱན་འབུད་ཚད་ཉུང་དུ་བཏང་བས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིད་རྟོན་མངགས་བཅོལ་ཐེབས་རྩའི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ནགས་ཚལ་གྲོས་འགོའི”མ་དངུལ་རག་མཁན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་པོར་གྱུར་ཡོད།
2001ལོར། ཀ་པོན་གྱིས《ནགས་ཚལ་གྱི་བཅའ་ཁྲིམས》གསར་པ་ཁྱབ་བསྒྲགས་བྱས་ཏེ། ནགས་ལས་ཐོན་ཁུངས་ལ་འཆར་གཞི་ཡོད་པ་དང་དུས་ཡུན་རིང་པོ་རྒྱུན་མཐུད་དོ་དམ་དང་གཡོག་བྱེད་བྱེད་དགོས་པའི་ནན་བཤད་བྱས་ཤིང་། ནགས་ཤིང་ལ་ཚད་ལྡན་ཡལ་གཅོད་བརྒྱབ་ནས་རྒྱུན་མཐུད་སྐྱེ་འཚར་ཡག་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 2002ལོར་ཀ་པོན་གྱིས་སླར་ཡང་རྒྱལ་ནང་དུ་རང་བྱུང་སྲུང་སྐྱོང་ཁུལ་13བཙུགས་པ་དེའི་སྤྱིའི་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་11%བཟུང་ནས། རྒྱལ་ཁབ་དེ་ཉིད་སྲུང་སྐྱོང་ཁུལ་གྱི་བསྡུར་ཚད་མཐོ་ཤོས་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གྲས་སུ་གྱུར་ཡོད།
2010ལོར་ཀ་པོན་སྲིད་གཞུང་གིས་ཤིང་ཆ་ཡོད་ཚད་ཕྱིར་གཏོང་གཏན་འགོག་བྱས་པ་མ་ཟད། དེ་རྗེས་ཀྱི་ལོ་གཉིས་ནང་ཤིང་གཅོད་ཁུལ་ཚང་མ་ནགས་སའི་འཆར་འགོད་གོ་རིམ་ནང་བཅུག་པ་དང་། 2013ལོ་ནས་བཟུང་ཤིང་གཅོད་ཆོག་པའི་ལག་ཁྱེར་གསར་པ་སྤྲོད་མི་ཆོག་པའི་ཁྱབ་བསྒྲགས་བྱས་པ་རེད།
བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཀ་པོན་གྱི་ནགས་ལས་ཐོན་རྫས་རིན་ཐང་གིས་རྒྱལ་དམངས་ཐོན་སྐྱེད་སྤྱི་འབོར་གྱི་བསྡུར་ཚད་དེ་2011ལོའི་1.8%ནས་2020ལོའི་4%བར་འཕར་བ་དང་། ལས་ཞུགས་མི་འབོར་ཁྲི་1.1ནས་ཁྲི་2.7བར་མང་དུ་ཕྱིན་ནས་ཀ་པོན་གྱི་ལས་ཞུགས་གསར་གཏོད་བྱེད་མཁན་མང་ཤོས་ཀྱི་ཐོན་ལས་གྲས་ཤིག་ཏུ་གྱུར་ཡོད། ཀ་པོན་ནགས་ལས་པུའི་པུའུ་ཀྲང་ལི་·ཧོའེ་ཐེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་བཅུ་གྲངས་རིང་གཙོ་གནད་འཕེལ་རྒྱས་བཏང་བ་བརྒྱུད་ཀ་པོན་གྱི་ཤིང་ཆ་ལས་སྣོན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ས་གནས་དེ་གའི་ཁེ་ལས་མང་ཆེ་བར་ཐོན་སྐྱེད་སྒྲིག་ཆས་ཆ་ཚང་ཡོད་པ་མ་ཟད། གསོ་སྦྱོང་ཡག་པོ་བྱེད་མྱོང་བ་དང་ཆེད་ལས་ཀྱི་ཤེས་བྱ་ལྡན་པའི་ལག་རྩལ་མི་སྣ་ཁག་གཅིག་ཐོན་ཡོད། ཁོང་གིས་ནགས་ཚལ་ནི་བསྐྱར་སྐྱེས་ཐུབ་པའི་ཐོན་ཁུངས་ཤིག་ཡིན་པས། ཀ་པོན་གྱིས་འབྱུང་འགྱུར་ནགས་ཚལ་ཐོན་ལས་ཀྱིས་རྒྱལ་དམངས་དཔལ་འབྱོར་ཁྲོད་བཟུང་བའི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། “མཛེས་སྡུག་ལྡན་པའི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་ནམ་ཡང་མི་ཉམས་པ་དང་། ཀ་པོན་མི་དམངས་ཀྱི་རྒྱུ་ནོར་རྒྱུན་མཐུད་མང་དུ་འགྲོ་རྒྱུའི”རེ་བ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
