འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་
འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ནན་པོ་ཆུད་པར་བྱེད་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་09ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
    “ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར‘དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ’བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ནན་པོ་ཆུད་པར་བྱེད་དགོས” ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་སྤྱིའི་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་ཡོད། དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ་བཅས་ལས་རང་རེའི་ཏང་གི་ངོས་འཛིན་དང་ལག་ལེན་ཟུང་འབྲེལ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། རང་སྣང་གི་འཇིག་རྟེན་སྒྱུར་བཀོད་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་ཕན་ཚུན་གཅིག་གྱུར་བཅས་ཀྱི་བླང་བྱ་མངོན་ཡོད། དེ་ནི་འབྲེལ་བ་དམ་ཟབ་དང་། ཕན་ཚུན་འབྲེལ་མཐུད། ནང་གནས་གཅིག་གྱུར་བཅས་ཀྱི་སྤྱི་ཡོངས་ཤིག་ཡིན་པས་སྤྱིའི་བླང་བྱ་དེ་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།
    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ཡོད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་བཏོད་པ་མ་ཟད། ནང་དོན་ཐད་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཕྱོགས་གང་སར་ཁྱབ་ནས་ཆ་ཚང་ཞིང་ཚན་རིག་དང་མཐུན་པའི་མ་ལག་ཅིག་གྲུབ་ཡོད།
    དགོངས་པ་སློབ་སྦྱོང་བྱེད་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་། དགོངས་པ་དེའི་གཞི་རྩའི་ལྟ་བ་དང་ཚན་རིག་དང་མཐུན་པའི་མ་ལག་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ། དགོངས་པ་དེའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡག་པོ་ཆུད་པ། དགོངས་པའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་འཛིན་པའི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། མར་ཁེ་སི་རིང་ལུགས་ཀྱི་འཇོན་ཐང་ཆེ་ཤོས་དངོས་འབྲེལ་སྦྱོང་ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་དོན་ཁག་ལ་མཛུབ་ཁྲིད་བྱེད་དགོས།
    ཏང་གཤིས་ལ་ཤུགས་སྣོན་རྒྱག་པར། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རང་སྣང་གི་འཇིག་རྟེན་སྒྱུར་བཀོད་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། ཏང་གཤིས་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ་སོགས་སྐོར་གྱི་དགོངས་པ་དེའི་བླང་བྱ་རབ་དང་རིམ་པར་གོ་བ་གཏིང་ཟབ་བླངས་ནས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བྱེད་དགོས། ལག་ལེན་ལ་མཐོང་ཆེན་བྱེད་པར། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་དུ་བསྟར་ནས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤྱོད་པ་དང་། དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱེད་པར་སྤྱོད་པ། འགྱུར་ལྡོག་ལ་ངོས་འཛིན་གསལ་པོ་དང་། འགྱུར་ལྡོག་ལ་ཁ་གཏད་གནད་སྨིན་གཅོག་པ། འགྱུར་ལྡོག་ཡོང་རེ་བཅས་ཧུར་ཐག་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་བྱེད་རིང་ལྷག་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ་བཅས་ཀྱིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
     བྱས་རྗེས་གསར་པ་འཇོག་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། དགོངས་པའི་ནང་འདུས་པའི་འགོ་ཁྲིད་བྱ་ཐབས་དང་། བསམ་བློའི་བྱ་ཐབས། ལས་ཀའི་བྱ་ཐབས་བཅས་བྱང་ཆུབ་པའི་ངང་ཁོང་དུ་ཆུད་པ། རང་འགན་གཙང་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་ལ་དམ་འཛིན། ལས་གནས་སུ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།
     མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ་ནི། རང་རེའི་ཏང་གིས་ལོ་རྒྱུས་གསར་གཏོད་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་པའི་ཉམས་མྱོང་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ནན་པོ་ཆུད་པར་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རིང་སྤྱད་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་སྟེ། རྒྱང་ལམ་གསར་པར་འབད་འཐབ་མདུན་སྐྱོད་བྱ་ཆེད་སེམས་ནུས་གཅིག་སྒྲིལ་དང་། འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ཚེ། ང་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་རྒྱུན་ཆད་མེད་པར་ནུས་ཤུགས་འདོན་པ་དང་གཟི་བརྗིད་སྣོན་ཐུབ་ངེས་རེད།