འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སེའི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་
མཇུག་འགྲིལ་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་08ཉིན། 21:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ལྷན་དུ་ཀྲུང་ཧྥའི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་མཇུག་འགྲིལ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་བསྒྲོན་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད། དཀའ་ངལ་དང་འགྲན་སློང་གི་མདུན་དུ་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་དང་རང་མོས་ཚོང་དོན་དང་དཔལ་འབྱོར་གོ་ལ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་པས། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལྡེམ་ཤུགས་དང་གསོན་ཤུགས་ཇེ་ཆེར་ཕྱིན་ཡོད། ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་དང་ཕན་ཚུན་དབར་གྱི་ཐད་ཀའི་མ་འཇོག་བརྟན་པོའི་ངང་འཕར་བ་དང་། རྣམ་གྲངས་ཆེན་པོའི་མཉམ་ལས་ལ་སྐུལ་མ་གཏིང་ཟབ་ཐེབས་པ། ལྗང་མདོག་འཛད་སྤྱོད་དང་། ལྗང་མདོག་ནུས་རྒྱུ། ཚན་རྩལ་གསར་གཏོད་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད།
     ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ་མ་ཟད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་གདེང་ཚོད་ཆེ་རུ་དང་སྔོན་དཔག་བརྟན་དུ་ཕྱིན་ཡོད། མིག་སྔར་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གསོན་ཤུགས་གང་ལེགས་འཕེལ་ནས་ཀྲུང་ཧྥ་དང་ཀྲུང་ཡོའི་ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་སློང་བྱུང་བས། ང་ཚོས་གོ་སྐབས་དམ་འཛིན་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ངེས་རེད།
    ང་ཚོས་སྒོ་དབྱེ་ཁོང་ཡངས་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་གཉིས་ཁེ་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོས་རྒྱལ་ནང་གི་ཁྲོམ་ར་གསར་གཏོད་བྱེད་མགྱོགས་སུ་གཏོང་བ་དང་དུས་མཚུངས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་བཏང་སྟེ་ཧྥ་རན་སེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་བྱུང་བའི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེའི་ཁེ་ལས་ལ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས།
    ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སོགས་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་གལ་ཆེན་བེད་སྤྱོད་ནུས་ལྡན་བྱེད་པར་རྒྱབ་སྐྱོར་བྱས་ནས་ཀྲུང་གོའི་ཁྲོམ་རར་བྱས་རྗེས་དེ་བས་ཆེ་བ་འཇོག་གི་ཡིན། ལྗང་མདོག་དང་། གྲངས་འཛིན། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།
     ང་ཚོས་རང་བཙན་རང་བདག་མཐའ་འཁྱོངས་བྱས་ནས་ཀྲུང་ཡོའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་ནི་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཉིས་ཡིན་པས། འཐབ་ཇུས་ཀྱི་ངོས་འཛིན་གཅིག་མཐུན་དང་། ཐུན་མོང་གི་ཁེ་ཕན། མཉམ་ལས་ཀྱི་རྨང་གཞི་བརྟན་པོ་བཅས་རྒྱ་ཁྱབ་ཏུ་ལྡན་པ་དང་། ཀྲུང་ཡོའི་མཉམ་ལས་ནི་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་དར་རྒྱས་དང་འཛམ་གླིང་ཡོངས་ཀྱི་གནས་བབ་བརྟན་ལྷིང་ཡོང་མིན་ཐད་ཀར་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་ཡོའི་འབྲེལ་བར་ལྟ་སྟངས་འཛིན་ཏེ། ཡོ་རོབ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཡོ་རོབ་མནའ་འབྲེལ་གྱི་མཐུན་སྒྲིལ་དང་དར་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཡོ་རོབ་ཕྱོགས་ཀྱིས་དོན་དངོས་དང་མཐུན་ཞིང་ཡང་དག་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་མཐའ་འཁྱོངས་བྱས་ནས་ཀྲུང་ཡོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
    ང་ཚོས་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མིག་སྔར། མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་ཐུན་མོང་གི་འགྲན་སློང་འཕྲད་ཡོད་པས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་འགྲོ་ལམ་ཉག་ཅིག་རེད། ངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་གྲོས་འགོ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་པ་དེ་དག་ནི་མཐུན་སྒྲིལ་གྱིས་ཁ་ཕྲལ་གྱི་ཚབ་བྱེད་པ་དང་། མཉམ་ལས་ཀྱིས་ཁ་གཏད་ཀྱི་ཚབ་བྱེད་པ། ཁོང་ཡངས་ཀྱིས་གཞན་འབུད་ཀྱི་ཚབ་བྱེད་པ་བཅས་བྱས་ཏེ། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་བྱེད་པ་དེ་ཡིན།