འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་
མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་08ཉིན། 21:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་སྔ་ཕྱི་བར་གསུམ་དུ་རྒྱལ་སྤྱིའི་གནས་བབ་ཁྲོད་ཀྱི་འཐབ་ཇུས་རང་བཞིན་གྱི་སྟོབས་ཤུགས་ཤིག་ལ་བརྩི་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ཀྲུང་གོའི་ཕྱི་འབྲེལ་གྱི་སྔོན་འཇོག་ཁ་ཕྱོགས་སུ་ཐོག་མཐའ་བར་གསུམ་དུ་བརྩིས་ནས་ཡོ་རོབ་ཕྱོགས་དང་སྲོལ་རྒྱུན་བཟང་པོ་རྒྱུན་མཐུད་དང་། འབྲེལ་བ་དམ་ཟབ་རྒྱུན་འཁྱོངས། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཆེར་གཏོང་། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལ་དམིགས་པ། ཐུན་མོང་ཐོག་འགོག་རྐྱེན་དང་འགྲན་སློང་ཁྱད་བསད་བཅས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཆུ་ཚད་མཐོ་པོའི་ངང་འཁོར་སྐྱོད་ཡོང་བར་བྱེད་འདོད་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ངོས་འཛིན་ཡང་དག་ཐུབ་པར་བྱས་ནས་གོ་ནོར་མི་ཐེབས་པ་དང་ནོར་འཁྲུལ་བརྡར་གཅོད་མི་ཡོང་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་ཡོད་པས་སྔར་ནས་བཟུང་དམག་ཞེན་འཁྲུག་སློང་དང་། ཆེར་རློམ་ཆུང་གནོན། རྒྱལ་ཁབ་སྟོབས་ཆེར་གྱུར་ན་བཙན་དབང་བཅས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་དམིགས་ཡུལ་ནི་ཀྲུང་གོ་མི་དམངས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པར་བྱེད་རྒྱུ་དེ་ཡིན། དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། ཕྱོགས་གཏོགས་གང་རུང་ཞིག་གིས་ཀྲུང་གོ་མི་དམངས་ཀྱིས་བདེ་སྐྱིད་དོན་གཉེར་བྱེད་པའི་ཁེ་དབང་བཙན་འཕྲོག་གཏན་ནས་བྱེད་དུ་འཇུག་གི་མིན།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་བ་བྱེད་པ་དེ་རང་ཚུགས་རང་བདག་དང་། ཕན་ཚུན་བརྩི་འཇོག གཉིས་ཕན་མཉམ་ལས་བཅས་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་ཕྱོགས་ཀྱིས་རང་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བརྟེན་གདམ་ག་བྱེད་པའི་ཁེ་དབང་ལ་བརྩི་འཇོག་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་ཁབ་གང་རུང་ཞིག་དང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བ་ནི་ཕྱོགས་གསུམ་པར་དམིགས་པ་དང་རྟེན་པ་ཞིག་མིན་ལ། ཕྱོགས་གསུམ་པའི་ཚོད་འཛིན་ཐེབས་པ་ཞིག་ཀྱང་མིན། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་ཁྱད་པར་ལ་དོ་སྣང་དང་། མི་མཐུན་པར་དོ་དམ་ཚོད་འཛིན། ཕན་ཚུན་བརྩི་འཇོག་བཅས་བྱེད་དགོས། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཡོ་རོབ་མནའ་འབྲེལ་གྱི་རྩ་བ་དང་ཕུགས་ཀྱི་ཁེ་ཕན་ལ་དམིགས་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་སྤྱི་ཡོངས་ཀྱི་ཐོག་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
    ཧྥེང་ཏེ་ལའེ་ཨེན་གྱིས་ཀྲུང་གོར་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་གཏིང་ཟབ་མོ་ཡོད། ཡོ་རོབ་དང་ཀྲུང་གོའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དེ་ཕྱོགས་གཉིས་པོ་དང་འཛམ་གླིང་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ལྡན་ཡོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་ས་ཁུལ་གྱི་རྩོད་གཞི་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཐད་ཡོ་རོབ་དང་ཀྲུང་གོར་ཐུན་མོང་གི་ངོས་འཛིན་མང་པོ་ལྡན་ཡོད་པས། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།