འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ནན་བཤད་གནང་དོན། ནགས་བཟོ་སྔོ་འགྱུར་གྱི་ཚ་རླབས་
འཕྱུར་བ་བྱས་ནས་མཛེས་སྡུག་ཀྲུང་གོའི་རི་མོ་དེ་བས་གསར་ལ་མཛེས་པ་ཞིག་འབྲི་དགོས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་06ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་4ཚེས་4ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཆར་སིམ་ཁྲོད་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཏུང་པ་ལྟེ་བའི་སྤྱི་གླིང་དུ་ཕེབས་ཏེ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཚང་མ་དང་ལྷན་དུ་ཤིང་འཛུགས་གནང་བཞིན་པ།
ཟླ་4ཚེས་4ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཆར་སིམ་ཁྲོད་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཏུང་པ་ལྟེ་བའི་སྤྱི་གླིང་དུ་ཕེབས་ཏེ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཚང་མ་དང་ལྷན་དུ་ཤིང་འཛུགས་གནང་བཞིན་པ།
     ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ནན་བཤད་གནང་དོན། ནགས་བཟོ་སྔོ་འགྱུར་གྱི་ཚ་རླབས་འཕྱུར་བ་བྱས་ནས་མཛེས་སྡུག་ཀྲུང་གོའི་རི་མོ་དེ་བས་གསར་ལ་མཛེས་པ་ཞིག་འབྲི་དགོས། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཞུགས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། བརྩོན་སེམས་ཆེ་ན་དཔྱིད་ཀ་ཤར་བ་སྔ། ཤིང་འཛུགས་ནགས་བཟོ་བྱེད་པའི་དུས་ལ་བབས། ལོ་ལྟར་གྱི་དུས་སྐབས་དེར། རང་རྒྱལ་གྱི་ལྷོ་ཕྱོགས་ནས་བྱང་ཕྱོགས་བར་ནགས་བཟོ་སྔོ་འགྱུར་གྱི་ཚ་རླབས་ཤིག་རིམ་བཞིན་འཕྱུར་གྱི་ཡོད། དེ་རིང་ང་ཚོ་མཉམ་དུ་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་དོན་ནི་ཚང་མས་བྱ་སྤྱོད་སྤེལ་ཏེ་ཡངས་ཤིང་རྒྱ་ཆེ་བའི་མེས་རྒྱལ་གྱི་ས་གཞི་ཆེ་མོའི་ཐོག་སྔོ་ལྗང་ལྗོན་ཤིང་སྣ་ཚོགས་བཏབ་པ་མ་ཟད། ད་དུང་རྒྱ་ཆེའི་མི་དམངས་ཀྱི་སེམས་ནང་ལྗང་མདོག་གི་ས་བོན་བཏབ་ནས་རེ་བས་འཕྱུག་པའི་དཔྱིད་ཀ་མཉམ་དུ་བསུ་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་འཛུགས་སྐྲུན་བྱེད་པའི་འབོད་སྐུལ་བྱ་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
     པེ་ཅིང་ཉེ་འདབས་ཀྱི་ས་གཞི་ཆེ་མོར་དཔྱིད་ཀྱི་སྦྲང་ཆར་སིམ་སིམ་དུ་བབས་ཤིང་གང་སར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད། སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ལྷན་དུ་རླངས་འཁོར་དུ་ཞུགས་ནས་ཆར་སིམ་ཁྲོད་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཏུང་པ་ལྟེ་བའི་སྤྱི་གླིང་དུ་ཕེབས་ཏེ་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་ནང་ཞུགས་པ་རེད།
     ལྗོན་ཤིང་འཛུགས་ཡུལ་ནི་བྱང་ངོས་ཆུ་ཕྲན་དང་རགས་ཆུའི་འབྲེལ་མཚམས་ཀྱི་ཏུང་པ་ལྟེ་བའི་སྤྱི་གླིང་ཡིན་པ་དང་དེར་རྒྱ་ཁྱོན་མུའུ་300ཙམ་ཡོད། ས་ཆ་དེ་ནི་སྔོན་ཆད་ཏུང་པ་ཤང་ཏུང་ཧྥུང་གྲོང་ཚོའི་གནས་ཡུལ་ཡིན་པ་དང་། གནས་སྤོས་གནས་སློག་དང་ཁོར་ཡུག་བཅོས་སྒྲིག་བྱས་པ་བརྒྱུད། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་བར་མཐོངས་ཤིག་བསྐྲུན་རྒྱུའི་འཆར་འགོད་བྱེད་བཞིན་ཡོད། ཏུང་པ་ལྟེ་བའི་སྤྱི་གླིང་དུ་འོས་འགན་ཤིང་འཛུགས་ནང་ཞུགས་མཁན་རྒྱལ་སའི་ལས་བྱེད་པ་དང་མང་ཚོགས་དང་། ལོ་ཆུང་གདོང་ལེན་རུ་མིས་ཚ་ཚ་འུར་འུར་ངང་ཤིང་འཛུགས་བཞིན་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ཚང་མས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཆར་གོས་གྱོན་གནང་བ་དང་སྦྱག་མ་བསྣམས་ནས་ཤིང་འཛུགས་སར་བསྐྱོད་དེ་པེ་ཅིང་གྲོང་ཁྱེར་དང་། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན་དང་མཉམ་དུ་ཤིང་འཛུགས་མི་ཚོགས་ཀྱི་གྲལ་དུ་ཞུགས་པ་རེད།
     ས་དོང་འདྲུས་པ་དང་། ས་བསྣན་བརྒྱབ་ནས་ཤིང་སྡོང་སྐྱོར་བ། ཆུ་རྒྱག་པ་སོགས་ཞི་ཅིན་ཕིང་གིས་སྣུམ་ཤིང་དང་། ཤིས་ཧྥུའུ་ཧའེ་ཐང་སྡོང་པོ། ཚོས་སེར་སྡོང་པོ། ཤིང་ཏོག་ཨ་མྲའི་སྡོང་པོ། ཧུང་རུའེ་མུའུ་སྡོང་པོ་སོགས་ཀྱི་སྡོང་ཕྲུག་བསྟུད་མར་བཏབ་གནང་ཞིང་། ས་ཆ་དངོས་སུ་ཚ་ཚ་འུར་འུར་ངང་ཤིང་འཛུགས་པའི་རྣམ་པ་ཞིག་མངོན། ཞི་ཅིན་ཕིང་གིས་ངལ་རྩོལ་གནང་ཞོར་དུ་ཕྲུ་གུ་ཚོར་ཤིང་འཛུགས་སྟངས་བསླབ་གནང་བ་དང་དེ་ནས་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཏེ། ཁོ་ཚོའི་ཕ་མ་ལོ་ག་ཚོད་ཡིན་པ་དང་། སློབ་ཆུང་དུ་སྐྱེ་དངོས་སློབ་ཚན་བཀོད་སྒྲིག་བྱས་ཡོད་མེད། རྩི་ཤིང་ལ་རྒྱུས་མངའ་ཡོད་མེད། ད་ཆ་སྦྱོང་ཚན་མང་པོ་ཡོད་མེད། སློབ་ཕྱིའི་ཟུར་ཁྲིད་མང་པོ་ཡོད་མེད་སོགས་བཀའ་འདྲི་གནང་བ་རེད། དེ་རྗེས་ཁོ་ཚོར་ཆུང་དུས་ནས་ངལ་རྩོལ་ལ་དགའ་ཞེན་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། ཞི་ཅིན་ཕིང་གིས་ཕྲུ་གུར་སློབ་གསོ་རྒྱག་སྟངས་ནི་ཤིང་འཛུགས་པ་དང་གཅིག་མཚུངས་རེད། དང་ཐོག་ནས་འདྲོང་པོ་སྐྱོར་དགོས། དེ་ལྟར་མ་བྱས་ཚེ་སྡོང་པོ་འཁྱོག་པ་ལྟར་འགྱུར་གྱི་རེད་ཅེས་ནན་བཤད་གནང་བ་རེད།
     ཤིང་བཙུགས་ཚར་རྗེས། སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ལས་བྱེད་མང་ཚོགས་དེ་གར་འཛོམས། ཞི་ཅིན་ཕིང་གིས་ཚང་མར་རང་རྒྱལ་གྱི་མི་ཐབས་ནགས་བཟོའི་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོ་ཡིན་ལ། ད་དུང་མུ་མཐུད་ནགས་བཟོ་བྱེད་བཞིན་ཡོད། སའི་གོ་ལ་སྔོ་ལྗང་དུ་འགྱུར་བ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལེགས་སུ་གཏོང་བའི་ཐད་ཀྲུང་གོས་བྱས་རྗེས་མི་ཉུང་བ་བཞག་ཡོད་ལ། ཀྲུང་གོའི་མི་དམངས་ཀྱིས་ཀྱང་བྱས་རྗེས་མི་ཉུང་བ་བཞག་ཡོད། ནགས་ཚལ་ནི་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད་བཅས་ཡིན་ལ་ཐཱན་རྒྱུའི་མཛོད་ཀྱང་ཡིན། ཤིང་འཛུགས་ནགས་བཟོ་ནི་དོན་སྙིང་ཆེན་པོ་ལྡན་པའི་བྱ་བ་ཞིག་ཡིན་ལ། བྱས་རྗེས་དེང་འདིར་བཞག ཕན་འབྲས་སྐལ་བརྒྱར་ཐོན་པའི་བྱ་གཞག་བླ་ན་མེད་པ་ཞིག་ཀྱང་ཡིན་པས། ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་རྒྱུན་འཁྱོངས་བྱེད་དགོས།
     ཞི་ཅིན་ཕིང་གིས་ཤིང་འཛུགས་ནགས་བཟོ་བྱེད་པའི་བརྒྱུད་རིམ་ཕྱིར་དྲན་གནང་ཞིང་། ཁོང་གིས་ད་ཐེངས་ནི་ངས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་འཁུར་ཚུན་ཤིང་འཛུགས་བྱེད་སྒོར་ཞུགས་ཐེངས་བཅུ་གཅིག་པ་ཡིན། ཀྲུང་དབྱང་དུ་ལས་ཀ་བྱེད་པར་སླེབས་པ་ནས་བརྩིས་ན་ཐེངས་བཅུ་དྲུག་པ་དེ་ཡིན། ཧྥུའུ་ཅན་དང་། ཀྲེ་ཅང་། ཧྲང་ཧའེ་བཅས་སུ་ལས་ཀ་བྱེད་རིང་ངས་རྟག་ཏུ་ཤིང་འཛུགས་བྱེད་སྒོར་ཞུགས་ཀྱི་ཡོད་ཅེས་གསུངས་པ་རེད། ཁོང་གིས་དེ་གར་ཡོད་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོར་ཁྱེད་ཚོ་ཕ་མར་འགྱུར་བའི་སྐབས་སུ་ཁྱེད་ཚོའི་བུ་ཕྲུག་ཚོ་མུ་མཐུད་ཤིང་འཛུགས་ནང་ཞུགས་སུ་བཅུག་ནས་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱེད་དགོས། མཛེས་སྡུག་ལྡན་པའི་ཀྲུང་གོ་འདི་ལྟར་བྱས་ནས་བསྐྲུན་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཚང་མར་ང་ནི་པེ་ཅིང་དུ་འཚར་ལོངས་བྱུང་བ་ཞིག་ཡིན། ངའི་ཕ་ཡུལ་གྱི་དྲན་སེམས་མང་པོ་ཞིག་ནི་ལྗོན་ཤིང་དང་འབྲེལ་བ་ཡོད། སྔོན་ཆད་པེ་ཅིང་གི་གནའ་བོའི་ལུགས་ཀྱི་སྡོད་ཁང་གི་སྒོ་རའི་ནང་ཚོས་སེར་སྡོང་པོ་དང་ཤིང་ཏོག་ཨ་མྲའི་སྡོང་པོའམ་ཡང་ན་མངར་འབྲས་མེ་ཏོག་དང་། སེ་འབྲུ། ཁ་སུར་སྡོང་པོ་སོགས་བཏབ་ཡོད། པེ་ཅིང་དུ་སྔོན་ཆད་བཏབ་པའི་སྡོང་པོ་མང་ཆེ་བ་ནི་རྒྱ་ལྕང་རེད། དེའི་རྒྱུ་མཚན་ནི་པེ་ཅིང་དུ་རྒྱ་ལྕང་བཏབ་ན་འཚམ་པོ་ཡོད། དེ་དང་ཆབས་ཅིག ལོ་མ་ཕྲ་བ་དང་ཆེ་བའི་ཤིང་ནགས་ཀྱི་བསྡུར་ཚད་དང་ཟུང་འབྲེལ་ཡག་པོ་བྱ་རྒྱུར་དོ་སྣང་བྱས་ཏེ་སྐྱེ་དངོས་རྒྱུད་ཕྲེང་དང་སྐྱེ་ཁམས་རྒྱུད་ཕྲེང་གི་བླང་བྱ་དང་དེ་བས་མཐུན་པར་བྱེད་དགོས། སྔོ་འགྱུར་གྱི་རྨང་གཞིའི་ཐོག་ཚོན་ཁྲ་ཅན་ལ་ཤུགས་སྣོན་རྒྱག་པ་དང་ཁ་མདོག་ཁྲ་ཁྲ་སིལ་སིལ་གྱི་ལྗོན་ཤིང་རིགས་མང་ཙམ་བཏབ་སྟེ་ས་ཁོངས་ཧྲིལ་པོའི་ནགས་ཚལ་གྲོང་ཁྱེར་ཧུར་ཐག་བསྐྲུན་ནས་པེ་ཅིང་དེ་བས་མཛེས་སུ་གཏོང་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། ལྗང་མདོག་འཕེལ་རྒྱས་ནི་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད། དམངས་ཡོངས་ཀྱིས་འོས་འགན་ཤིང་འཛུགས་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་ཚང་མས་དོན་དངོས་དང་ཟུང་འབྲེལ་བྱས་ནས་འོས་འགན་ཤིང་འཛུགས་སྒྲིག་འཛུགས་བྱེད་དགོས། སྒྲིག་འཛུགས་བྱེད་སྟངས་གསར་གཏོད་དང་འགན་འཁྲི་གཙང་མ་སྒྲུབ་པའི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ་སྤྱི་དམངས་འོས་འགན་ཤིང་འཛུགས་ནང་ཞུགས་རྒྱུར་སྟབས་བདེ་དེ་བས་མང་བ་བསྐྲུན་དགོས། ང་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཤིང་འཛུགས་པ་ནས་འགོ་བརྩམས་ཏེ་ཚང་མར་དབང་བའི་རི་སྔོ་ཆུ་དྭངས་དང་གསེར་རི་དངུལ་རི་བསྐྲུན་ནས་མཛེས་སྡུག་ཀྲུང་གོའི་རི་མོ་དེ་བས་གསར་ལ་མཛེས་པ་ཞིག་འབྲི་དགོས་པའི་ནན་བཤད་གནང་བ་རེད།