འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལོ་1300ལྷག་གི་ལོ་རྒྱུས་ལྡན་པའི་དངོས་པོ་འདི་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་03ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ལོ་1300ལྷག་གི་ལོ་རྒྱུས་ལྡན་པའི་དངོས་པོ་འདི་རྙེད་འདུག
     ཧོ་པེ་ཞིང་ཆེན་ཏ་མིང་རྫོང་མིང་ཁྲེང་དོ་དམ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་རྫོང་དེས་དམངས་ཁྲོད་སྒྱུ་རྩལ་དང་། དམངས་སྲོལ་གོམས་གཤིས། རིག་གནས་རྒྱུན་འཛིན་སོགས་དང་འབྲེལ་བ་ཡོད་པའི་དངོས་པོ་རྙིང་པ་བསྡུ་རུབ་བྱེད་པའི་བརྒྱུད་རིམ་ཁྲོད། ཐང་རྒྱལ་རབས་ཀྱི་དུར་བྱང་ཞིག་ཤེས་རྟོགས་བྱུང་བ་རེད། ས་གནས་དེ་གའི་རིག་དངོས་རིགས་གཅིག་མཁས་ཅན་གྱིས་གསལ་འབྱེད་བྱས་པ་བརྒྱུད། དུར་བྱང་ཡི་གེ་དེ་ཞན་ཆིང་ཁྲི་ལོ་ལྔ་པའི་སྐབས་བརྐོས་པ་དང་། ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 
     ཏ་མིང་རྫོང་མིང་ཁྲེང་དོ་དམ་དང་འཛུགས་སྐྲུན་ཨུ་ལྷན་གཞུང་དོན་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དུར་བྱང་དེའི་རྒྱུ་ཆ་ནི་རྡོ་གཡམ་ཡིན་པ་དང་། དེ་ནི་དུར་བྱང་ཁ་ལེབ་དང་བྱང་རྡོ་གཉིས་ལས་གྲུབ་པ་ཞིག་རེད། དུར་བྱང་ཁ་ལེབ་ནི་རྒྱ་ཕིབས་རྣམ་པ་ཡིན་ཞིང་། རྩེ་ལ་ལི་སྨི་50དང་། ཞབས་ལ་ལི་སྨི་55ཡོད། དུར་བྱང་གི་མགོར་ཏོའུ་ཕའེ་ཡི་དུར་བྱང་ཞེས་རྒྱ་ཡིག་“窦沠墓志”ཞེས་པའི་འཁྱོག་བྲིས་ཡིག་རིས་ཆེན་པོ་བཞི་བརྐོས་ཡོད། ཡི་གེ་བཞི་པོའི་དཀྱིལ་དུ་གཅན་གཟན་དང་སྟག་གི་རི་མོ་བརྐོས་ཡོད། དེའི་མཐའ་འཁོར་དུ་ཡལ་ག་དང་མེ་ཏོག་བརྐོས་ཡོད། བྱང་རྡོའི་རིང་ཚད་ལ་ལི་སྨི་58དང་། ཞེང་ཚད་ལ་ལི་སྨི་48 མཐུག་ཚད་ལ་ལི་སྨི་13བཅས་ཡོད། ཡིག་ཕྲེང་28ཡོད་པར་ཁྱོན་བསྡོམས་ཡིག་འབྲུ་600ལྷག་ཙམ་ཡོད་པ་དང་། ཡིག་གཟུགས་ནི་གཟབ་ཡིག་རེད། 
     དུར་བྱང་ནང་དུར་སའི་བདག་པོ་ཏོའུ་ཕའེ་ཡི་གཟི་བརྗིད་ལྡན་པའི་ཁྱིམ་ཚང་གི་ལོ་རྒྱུས་བཀོད་ཡོད་ཅིང་། དེའི་སྤོ་བོ་ཏོའུ་ཅིང་ཀོན་པེ་ཆི་ཐེན་པའོ་ཡི་སྐབས་སུ་ཕོ་བྲང་ཤར་མའིདཔོན་རིགས་ཤིག་ཡིན་པ་དང་། ཐོབ་ཐང་ཧ་ཅང་ཆེན་པོ་ཡོད། དུར་བྱང་ནང་ད་དུང་ཏོའུ་ཕའེ་ཡིས་ཐང་ཀྲེན་ཀོན་ཁྲི་ལོ་བཅུ་དགུ་པར(སྤྱི་ལོ645ལོ)ཤར་དུ་ཀའོ་ཅིའུ་ལི་འདུལ་སྐབས་སུ། དམག་འཐབ་ཁྲོད་དཔའ་ངར་ལྡན་པ་དང་བྱས་རྗེས་གཟེངས་སུ་ཐོབ་པ། ཐའེ་ཙུང་གིས་ཆི་ཏུའུ་ཝེ་ཞེས་པའི་དཔོན་ལ་བསྐོས་པ་དང་གོས་དུམ་བུ་སུམ་བརྒྱ་གནང་། ཏོའུ་ཕའེ་ཡིས་ཡང་གསེར་གང་མང་སྤྲད་པའི་དོན་བཀོད་ཡོད་པ་ཚིག་སྦྱོར་སྙན་ཞིང་འཇམ་པ། སྡེབ་སྦྱོར་ལེགས་པ། ཚིག་གི་སྤྱོད་སྟངས་མཛེས་པ། སྙན་ངག་དྲུག་ཟུར་དུ་བཀོད་པ་བཅས་ཡིན། 
     ཏ་མིང་རྫོང་རིག་དངོས་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་ཅན་ཕིང་གིས་བཤད་དོན། དུར་བྱང་ནང་ཐང་རྒྱལ་རབས་ཀྱི་ཀྲེན་ཀོན་དང་ཞན་ཆིང་དུས་སྐབས་ཀྱི་ས་ཁམས་ཀྱི་མིང་རྙིང་མང་པོ་ཡོད་པས། ས་གནས་དེ་གའི་ལོ་རྒྱུས་དང་ས་ཁམས་ཞིབ་འཇུག་ཐད་རིན་ཐང་ཆེ་ཙམ་ལྡན་ཡོད། 
༄༅།།ལོ་1300ལྷག་གི་ལོ་རྒྱུས་ལྡན་པའི་དངོས་པོ་འདི་རྙེད་འདུག