འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དུས་རབས་གསར་པའི་དཔྱིད་རླུང་བསུ་བཞིན་ལག་གདང་སྦྲེལ་ནས་མཛེས་སྡུག་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན།

—— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བའི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་03ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་རྒོད་སྐྱེས(གཡས་ཀྱི་གཉིས་པ)དང་ཁོང་གི་ནང་མི་ཚོ་ཁྱིམ་གྱི་སྒོ་འགྲམ་དུ་བརྒྱབ་པའི་པར་ཡིན་པ། (2021ལོའི་ཟླ་3ཚེས་22ཉིན་པར་བླངས)
འདི་ནི་ཟླ་རྒོད་སྐྱེས(གཡས་ཀྱི་གཉིས་པ)དང་ཁོང་གི་ནང་མི་ཚོ་ཁྱིམ་གྱི་སྒོ་འགྲམ་དུ་བརྒྱབ་པའི་པར་ཡིན་པ། (2021ལོའི་ཟླ་3ཚེས་22ཉིན་པར་བླངས)
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།
     1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོ་བ་གཙོ་བོར་བྱས་པའི་དམངས་གཙོའི་བཅོས་སྒྱུར་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་ཤིང་། གངས་ལྗོངས་ས་མཐོར་ལམ་ལུགས་རྙིང་པ་མཇུག་འགྲིལ་ནས་ལོ་རྒྱུས་ཀྱི་ཁྲི་ལོ་གསར་པར་སླེབས་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་རྦད་དེ་བཅིངས་འགྲོལ་ཐོབ་ནས་རང་ཉིད་ཀྱི་ལས་དབང་གི་བདག་པོར་གྱུར་ཏེ་མི་ལུས་རང་དབང་ཐོབ་ནས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་སྤྱི་དམངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
     ལོ་64ཡུད་ཙམ་ཞིག་ལ་འདས་ཤིང་། བརྗིད་ཆགས་འགྱིང་ངེར་ལངས་པའི་རི་བོ་ཧི་མ་ལ་ཡ་ནས་མུ་མཐའ་མེད་པའི་བོད་ཀྱི་བྱང་རྩྭ་ཐང་བར་དང་། གྲོག་རོང་གིས་ཁེངས་པའི་བོད་ཤར་ལྷོའི་གྲོང་གསེབ་ནས་བརྗིད་ཆགས་ལྷུན་སྡུག་གི་མཁའ་དབྱིངས་མངའ་རིས་བར། ས་མཐོའི་བུ་ཕྲུག་ཁྲི་360ཡིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་མཉམ་དུ་བསྐྲུན་ཡོད།
     གངས་ལྗོངས་ས་མཐོར་མི་ཡུལ་ཞིག་བརྗེས་པ།
     ཡངས་པའི་ཞིང་ས་གཤིན་པོའི་སྟེང་ཞིང་འཕྲུལ་གྱིས་རྨོ་ལས་བྱེད་པ་མཐོང་སྐབས། ལོ་78ལ་སླེབས་པའི་ཟླ་རྒོད་སྐྱེས་ཀྱི་གཉེར་མས་ཁེངས་པའི་མིག་ཟུར་ལས་འཛུམ་མདངས་འཕྱུར་བཞིན་དུ“འདི་ལོ་སླར་ཡང་ལོ་ལེགས་ཡོང་རེ་འདུག”ཅེས་བཤད།
     ཟླ་རྒོད་སྐྱེས་ཀྱི་ཁྱིམ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་བརྒྱ་གྲོང་སྟོད་གྲོང་ཚོར་གནས་ཤིང་། ད་ཕན་ལོ་ཤས་རིང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སྦྲགས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་བོད་བཟོའི་ཁང་གསར་གྱི་ཁྱད་ཆོས་མངོན་གསལ་དོད་ལ་ཨར་འདམ་གྱི་ལམ་བུ་ཡངས་ཤིང་ཁོད་སྙོམས་པ། སྤྱི་པའི་སྒྲིག་བཀོད་གང་དགོས་དེ་འཛོམས་ཡོད་པ་བཅས་རེད།
     “རང་ཉིད་དེ་གར་འཚར་ལོངས་བྱུང་བས་དེ་གའི་ས་ཞིང་ལ་ཞེན་ཆགས་ཟབ་མོ་ཡོད། ལོ་ལྟར་ཞིང་ཁ་བཏབ་རྗེས་ལོ་ཏོག་སྨིན་པ་དང་འབྲས་བུ་བསྡུ་སྐབས་ཧ་ཅང་བློ་བདེ་པོ་འདུག དེས་ན་བོད་རྙིང་པར་ས་ཞིང་འདིར་བཏབ་པའི་སྐྱེ་དངོས་མཐའ་དག་ཞིང་བྲན་བདག་པོར་ཁྲལ་འཇལ་དགོས་པས་སྐབས་དེ་དུས་ཀྱི་དཀའ་སྡུག་གི་འཚོ་བ་དེ་ལྟ་བུ་གཏན་ནས་སྐྱེལ་འདོད་མེད”ཅེས་དེ་སྔ་ཞིང་བྲན་ཡིན་པའི་ཟླ་རྒོད་སྐྱེས་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད།
     “བོད་རྙིང་པ་ནི་གདུག་རྩུབ་ཧ་ཅང་ཆེ་བ་དང་སྐབས་དེ་དུས་མངའ་བདག་གིས་ཞིང་བྲན་ལ་རྟ་ཟོག་སེམས་ཅན་གྱི་མཐོང་ཙམ་ཡང་མེད”ཅེས་ཟླ་རྒོད་སྐྱེས་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད། ལོ་ཞིག་གི་སྟོན་དུས་སུ་ཞིང་བྲན་ཚོས་ཉིན་མཚན་དབྱེར་མེད་ངང་མངའ་བདག་གི་ལོ་ཏོག་བསྡུ་དགོས་པ་དང་ལོ་8ལ་སླེབས་པའི་ཟླ་རྒོད་སྐྱེས་ཀྱིས་ལས་ཀར་ལྟ་སྐུལ་བྱེད་མཁན་ཕྱག་མཛོད་ལ་ཇ་བསྐོལ་བའི་འགན་འཁུར་གྱི་ཡོད། ཇ་འཁོལ་པོ་མ་བྱུང་བའི་རྐྱེན་གྱིས་ཕྱག་མཛོད་ཀྱིས་རྡོ་ཞིག་བསྒྲུགས་ཏེ་ཁོང་གི་མགོར་གཞུས་པས་དེ་མུར་ཁྲག་བར་མེད་དོན་ནས་འགྱེལ་བ་རེད།
     ཟླ་རྒོད་སྐྱེས་ལ་ཕོག་པའི་ཉེས་རྡུང་ཁོང་གི་བྱིས་དུས་ཀྱི་དྲན་ཤེས་ནང་གསལ་པོར་ངེས་པ་དང་དེའང་མུན་ནག་གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲག་ལམ་ལུགས་ཀྱིས་མི་རབས་དེར་བཞག་པའི་སྡུག་བསྔལ་གྱི་དྲན་ཤེས་ཤིག་རེད།
     “སྐབས་དེ་དུས་མཚན་མོ་འཆར་རིམ་བཞིན་ནམ་མཁར་ལྟ་བཞིན་དུ་ངེད་ཚོའི་སྡུག་བསྔལ་ནམ་མཁའི་སྐར་མ་ལས་ཀྱང་མང་བ་དང་མུན་ནག་གི་མཚན་མོ་རིང་པོ་དེ་ནམ་ཞིག་མཇུག་འགྲིལ་ཡོང་སྙམ་གྱི་ཡོད”ཅེས་ཟླ་རྒོད་སྐྱེས་ཀྱིས་བཤད།
     1959ལོའི་ཟླ་3པར་བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བོད་མི་དམངས་ཀྱི་འདུན་པ་དང་བསྟུན་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་དང་འབྲེལ་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱས་ནས་རུལ་སུངས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཐལ་བའི་རྡུལ་དུ་བརླགས་པ་རེད།
     ལོ་དེར་ཟླ་རྒོད་སྐྱེས་ལ་ས་ཞིང་མུའུ་50དང་། ནོར་གཅིག རྟ་གཅིག ལུག་15བཅས་བགོ་བཤའ་ཐོབ་ཡོད། “རང་ཉིད་ལ་དབང་བའི་ས་ཞིང་ཡོད་པས་དཀའ་ལས་ཇི་ཙམ་རྒྱག་དགོས་ནའང་སྐྱིད་པོ་འདུག ལོ་དེར་གྲོད་པ་རྒྱགས་པ་མ་ཟད། འབྲུ་རིགས་ལྷག་མ་བཙོངས་ནས་ཡོང་འབབ་ཀྱང་བྱུང་བས་མི་ལུས་རང་དབང་གི་བདེ་སྐྱིད་དངོས་སུ་ཚོར་ཐུབ་བྱུང”ཞེས་ཟླ་རྒོད་སྐྱེས་ཀྱིས་བཤད།
     བོད་ཀྱི་ལོ་རྒྱུས་ཐོག་གི་ཆེས་རླབས་ཆེ་བ་དང་ཆེས་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཏེ་དམངས་གཙོའི་བཅོས་སྒྱུར་ལས་བོད་རྙིང་པའི་སྤྲིན་ནག་གི་ཡོལ་བ་ཕྱེ་ནས་བོད་ལ་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་བཏོད་པ་མ་ཟད། མིའི་ཕྱོགས་ཡོངས་ལ་བཅིངས་འགྲོལ་ཐོབ་པ་རེད།
     དུས་དེ་ནས་བཟུང་གངས་ལྗོངས་ས་མཐོས“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”འཕེལ་རྒྱས་ཀྱི་ངོ་མཚར་བཏོད་པ་སྟེ།
     —— 2022ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2132.64ཟིན་ཡོད་པ་དང་། 1951ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.29ལས་ཟིན་གྱི་མེད།
     —— 2022ལོར་བོད་ཀྱི་འབྲུ་རིགས་དང་། སྔོ་ཚལ། ཤ་སྒོང་འོ་མ་བཅས་ཀྱི་ཐོན་ཚད་ཏུན་ཁྲི་107དང་། ཏུན་ཁྲི་93 ཏུན་ཁྲི་88བཅས་སོ་སོར་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
     —— དུས་རབས་གསར་པའི་བོད་དུ་ད་ཡོད་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲི་3.5ལྷག་ཙམ་ཟིན་པ་དང་སྲིད་གྲོས་ཨུ་ཡོན་8000ལྷག་ཙམ་ཟིན་པའི་ནང་གྲངས་ཉུང་མི་རིགས་ཀྱིས་90%བཟུང་ཡོད་པ་རེད།
     ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བཏོད་པ།
     2020ལོའི་ཟླ་5ཚེས་1ཉིན《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ནས་བོད་འདི་ཉིད་རྒྱལ་ཡོངས་ཀྱི་ས་གནས་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ཞིང་ཆེན་དང་པོར་གྱུར་པ་དང་། 2021ལོའི་ཟླ་11པར་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བོད་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད།
     ལོ་66ལ་སླེབས་པའི་མོན་པ་རིགས་ཀྱི་ཡུལ་མི་དགའ་བདེ་མཚོ་མོས་ལོ་ཆུང་དུས་ལྟར་འཚོ་ཐབས་ཀྱི་ཆེད་དུ་ལས་ལ་བྲེལ་མི་དགོས་པར་ཟླ་རེའི་རྒན་གསོའི་དངུལ་གྱིས་འཚོ་བ་ཡག་པོ་སྐྱེལ་ཐུབ་ཀྱི་འདུག ད་ཆ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལས་ཁོང་ལ་འདི་ལོའི་བགོ་འགྲེམས་དང་པོའི་སྒོར་5000རག་པ་རེད།
     “གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་ལོ་རེར་ཐེངས་4བགོ་གི་ཡོད། ང་ལ་ཐེངས་རེར་སྒོར་སྟོང་ཕྲག་ཁ་ཤས་རག་གི་འདུག”དགའ་བདེ་མཚོ་མོས་དེ་དག་ཚང་མ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཧོང་ཅ་པིན་གྱི་བཀའ་དྲིན་དང་ཁ་འབྲལ་ཐབས་མེད་ཅེས་བཤད།
     2018ལོར་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཧོང་ཅ་པིན་གྱིས་རང་འགུལ་ངང་རེ་ཞུ་བྱས་ནས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་སྡོད་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར་པ་དང་འབྲེལ་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་འཁུར་བ་རེད།
     ས་གནས་དེ་གའི་ཡུལ་མིས་དེ་གའི་ཐོན་ཁུངས་ལ་བརྟེན་ནས་ཕན་འབྲས་ཆེན་པོ་ཐོན་པ་བྱ་ཆེད། ཧོང་ཅ་པིན་གྱིས་མཚན་མོའི་སློབ་གྲྭ་དང་སྐར་གསོག་གཅེས་སེམས་སྒོ་རྩིས་ཚོང་ཁང་གཉེར་བའི་ལས་ཀའི་རྣམ་པ་བཏོད་དེ་སྔ་རྗེས་སུ་ཡུལ་མིས་འབྲས་དམར་དང་སྨན་རྩྭ་འདེབས་པ་དང་ཇ་ཁང་འཛུགས་པར་སྣེ་ཁྲིད་བྱས་པ་མ་ཟད། གྲོང་ཚོས་གཉེར་བའི་ཁེ་ལས་འཚོལ་ཞིབ་བྱས་ནས་བཙུགས་ཏེ་གསར་བརྗེའི་ཁྱད་ཆོས་ལྡན་པ་དང་སྐྱེ་ཁམས་ལུས་གསོའི་ཡུལ་སྐོར་རྣམ་གྲངས་བཏོད་པ་རེད། ཁོང་གི་སྣེ་ཁྲིད་འོག་དགྱེ་གླིང་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་2017ལོའི་སྒོར་5000ཙམ་ནས་2022ལོའི་སྒོར་ཁྲི་120ཙམ་བར་མང་དུ་ཕྱིན་པ་དང་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་2017ལོའི་སྒོར་6000ཙམ་ནས་2022ལོའི་སྒོར་ཁྲི་3.4བར་མང་དུ་ཕྱིན་པ་རེད།
     བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པའི་བོད་རིགས་ན་གཞོན་སྤེན་པ་ཚེ་རིང“ལས་ཞུགས་བོད་སྐྱོར”ལ་བརྟེན་ནས་ཧོ་པེའི་འབྲོག་ལས་ཀུང་སི་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད། ལོ་གཅིག་ལྷག་ཙམ་ལས་སོང་མེད་ཀྱང་ཁོང་གི་ཆེད་ལས་ཀྱི་ཆུ་ཚད་མཐོ་བ་དང་དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་ལས་སྡེ་ཚན་གྱི་གཙོ་གཉེར་དོ་དམ་པར་གྱུར་པ་དང་ཟླ་རེའི་གླ་ཆའང་སྒོར་4000ནས་སྒོར་ཁྲི་1ལྷག་ཙམ་བར་འཕར་ཡོད་པ་རེད།
     དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་བོད་ཀྱི་དེང་རབས་ཅན་ལ་སྣེ་ཁྲིད་བྱས་པ།
     ལོ་བཅུ་ལྷག་ཙམ་རིང་། བོད་ཀྱི་འགྲིམ་འགྲུལ་དྲ་བ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་སྔ་རྗེས་སུ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་། ཁྲོན་བོད་ལྕགས་ལམ་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་ཡོད།
     མིག་སྔར། བོད་ཀྱི་ལྕགས་ལམ་གཉེར་སྐྱོང་གི་ལམ་ཚད་སྤྱི་ལེ་1400ཙམ་ཟིན་ནས་2022ལོའི་ལོ་མཇུག་བར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་12.14ཟིན་པ་དང་། ཤང་དང་གྲོང་རྡལ་དུ་ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་95%ཟིན་པ། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་90.5%ཟིན་ཡོད།
     2013ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”རྣམ་བཤད་གལ་ཆེན་ཁ་གསལ་བཏོན་གནང་ནས་མཐའ་མཚམས་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་ཁྲོད་བོད་ཀྱི་ལས་དོན་གྱི་དམིགས་བསལ་གནས་བབ་ནན་བཤད་གནང་ཡོད།
     2020ལོའི་ཟླ་8པར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་བོད་སྐྱོང་མཛད་ཇུས་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་སྟེ“ངེས་པར་དུ་བྱེད་དགོས་པ་བཅུའི”དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁ་གསལ་བཏོན་གནང་ཡོད།
     དུས་རབས་གསར་པ་ནི་བོད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་ཆེ་ཤོས་བཅས་ཀྱི་དུས་སྐབས་ཤིག་སྟེ། དཔལ་འབྱོར་ལོ་རེར་ཆ་སྙོམས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྟན་པོའི་ངང་འཕར་ཡོད།
     ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད། དུས་རབས་གསར་པར་ཏང་གི་བོད་སྐྱོང་མཛད་ཇུས་ལས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་བརྟན་དུ་ཕྱིན་ཡོད།
     ལྷོ་ཨ་ཧྥེ་རི་ཁ་སློབ་ཆེན་མུའུ་པེ་ཅི་ཨ་ཧྥེ་རི་ཁ་གླིང་གི་འགོ་ཁྲིད་བྱེད་ནུས་ཞིབ་འཇུག་ཁང་གི་མཐོ་རིམ་ཞིབ་འཇུག་པ་ཐན་ཀྲེ་ལིས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལས་བོད་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། ཀྲུང་གོ་སྲིད་གཞུང་གིས་དོན་དངོས་དང་འཚམ་པའི་སྲིད་ཇུས་བཟོས་པས་ད་ཆ་བོད་ཀྱི་མི་དམངས་ཀྱི་རྒྱུ་ནོར་འབྱོར་ཕྱུག་ལྡན་པ་དང་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་བརྗོད།
     གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་མི་སྤེན་ཆུང་ད་ལོ་ལོ་བདུན་ཅུར་སླེབས་ཀྱི་ཡོད། དཔྱིད་དུས་སུ་སྒྲུབ་འདོད་པའི་བྱ་བ་ནི་ཚ་བོ་པང་དུ་ཉར་ནས་ཉི་མ་བསྲོ་རྒྱུ་དེ་ཡིན།
     “གུང་ཁྲན་ཏང་གིས་མང་ཚོགས་ལ་ཡག་པོ་བྱེད་པ་མིག་མཐོང་ལག་ཟིན་ཐུབ་བྱུང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་ཚང་མས་མོས་སེམས་ཆེ་ཤོས་བྱེད་ཀྱི་ཡོད”ཅེས་ད་ཆའི་འཚོ་བའི་སྐོར་གླེང་སྐབས་སྤེན་ཆུང་གིས་མཐེ་བོང་སྒྲེང་བཞིན་དུ་བཤད་པ་དང་། ཁོང་གིས“ཞིང་བྲན་བྱེད་མྱོང་བའི་ང་སྔོན་ཆད་སྡུག་བསྔལ་མྱངས་ཀྱང་ད་ཆའི་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ལ། ངའི་ཕྲུ་གུ་ཚོ་ཡང་སྐྱེས་མ་ཐག་ནས་ད་ཆའི་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད”ཅེས་བཤད།