འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་02ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་3ཚེས་31ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་དང་མཇལ་འཛོམས་གནང་བའི་གནས་ཚུལ་ཡིན་པ།
འདི་ནི་ཟླ་3ཚེས་31ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་དང་མཇལ་འཛོམས་གནང་བའི་གནས་ཚུལ་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་3ཚེས་31ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ལོ་དེ་དག་ནང་ཨེ་ཤེ་ཡ་ས་ཁུལ་དུ་སྤྱིའི་ཆ་ནས་ཞི་བདེ་བརྟན་ལྷིང་དང་། མགྱོགས་མྱུར་འཕེལ་རྒྱས། ཕྱོགས་ཡོངས་དར་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་མ་ཟད། ས་ཁུལ་དང་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་དཀའ་སྤྱད་ལས་བརྩོན་དང་བློ་རིག་ལ་བརྟེན་ནས་རང་བཙན་རང་བདག་དང་། ཕན་ཚུན་བརྩི་འཇོག འདྲ་མཉམ་གཉིས་ཕན། སྒོ་དབྱེ་བསྟུན་མཁས། མཉམ་ལས་གཉིས་ཕན་བཅས་ཀྱི་ཨེ་ཤེ་ཡའི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། མིག་སྔའི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཆེ་བའི་རྒྱབ་ལྗོངས་ཆེན་པོའི་འོག་ང་ཚོས་ལས་སླ་པོར་བྱུང་བ་ཞིག་མིན་པའི་ཨེ་ཤེ་ཡའི་ས་ཁུལ་གྱི་འཕེལ་ཕྱོགས་བཟང་པོར་དེ་བས་གཅེས་སྤྲས་དང་སྲུང་སྐྱོང་བྱས་ནས་ས་ཁུལ་གྱི་ཞི་བདེ་དང་ཁེ་སྤོགས་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་ཡང་དག་པའི་ཁ་ཕྱོགས་སྲུང་སྐྱོང་ཡག་པོ། བཙན་དབང་ཅན་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། “འབྲེལ་ཐག་གཅོད་རིགས”ལ་བཀག་འགོག་གསལ་པོ་བཅས་བྱས་ནས་རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་དེ་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་དོན་གཉེར་བྱེད་པའི་ཨེ་ཤེ་ཡའི་མི་དམངས་ཀྱི་དབང་ཆ་འཕྲོག་ཏུ་འཇུག་མི་རུང་།
     ལི་ཞན་ལུང་གིས་གསུངས་དོན། ལོ་ཤས་སོང་རྗེས་སླར་ཡང་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོའི་ས་གནས་ཁག་ཚང་མར་དཔལ་འབྱོར་གྱི་གསོན་ཤུགས་མགྱོགས་མྱུར་སླར་གསོ་བྱུང་བ་མཐོང་བྱུང་། ངས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་ཡག་པོ་འགྲོ་བའི་ཡིད་ཆེས་ཡོད། སིང་ཀ་ཕོར་སོགས་མཐའ་འཁོར་རྒྱལ་ཁབ་ཚང་མས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། འཛམ་གླིང་གི་ཧ་ལམ་རྒྱལ་ཁབ་ཚང་མས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་ཁས་ལེན་གྱི་ཡོད། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། “དེ་རིང་གི་ཡུག་རེན་དང་སང་ཉིན་གྱི་ཐའེ་དབན”ཞེས་འུད་སྒྲོག་བྱས་ན་སྔོན་དཔག་བྱེད་མི་ཐུབ་པའི་མཇུག་འབྲས་ཚབས་ཆེན་ཐོན་སྲིད། སིང་ཀ་ཕོར་གྱིས་རྒྱལ་ཁབ་དང་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་། ཞི་མཐུན་མཉམ་གནས། གཉིས་ཁེ་མཉམ་ལས། གདོང་ཐུག་མི་ཐོན་པ་བཅས་བྱས་ནས་ཉེན་ཁ་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། འགྲན་རྩོད་ཡོད་པའི་དབང་དུ་བཏང་ནའང་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་ལ་བརྟེན་དགོས་པ་ལས་དཀར་ནག་དབྱེ་འབྱེད་མི་ཤེས་པ་དང་ཕྱོགས་ལྷུང་བྱེད་མི་རུང་།
     ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།