འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་02ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་3ཚེས་31ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་མཇལ་འཛོམས་གནང་བའི་གནས་ཚུལ་ཡིན་པ།
འདི་ནི་ཟླ་3ཚེས་31ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་མཇལ་འཛོམས་གནང་བའི་གནས་ཚུལ་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་3ཚེས་31ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་སྲིད་འཛིན་གྱི་འདུ་ཤེས་མཐའ་འཁྱོངས་བྱེད་ཀྱི་ཡོད། ཁྱེད་ཀྱིས“ཁྲང་མིང་ཏ་མཱ”བསྐྲུན་ནས་འཕེལ་རྒྱས་དང་མི་དམངས་ལྟེ་བའི་གནས་བབ་ཐོག་འཇོག་རྒྱུ་བཏོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་སྡེ་ཚན་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་བཅས་དབར་གྱི་འགྲོ་འོང་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཕན་ཚུན་བརྩི་འཇོག་དང་ལྷག་བསམ་ཟོལ་མེད་ངང་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་གཉིས་ཁེ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་དོ་ཁུར་བྱེད་སར་ལྟ་རྟོག་བྱེད་པ། མི་རབས་ནས་མི་རབས་བར་གྱི་མཛའ་གཅུགས་སྲ་བརྟན་དུ་གཏོང་བ། ཕན་ཚུན་གྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཕན་ཚུན་གྱི་རང་གི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བརྟན་པོ་བཅས་བྱེད་འདོད་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་མ་ལེ་ཞི་ཡ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་བསྐྲུན་རྒྱུ་ཡིན། ཕྱོགས་གཉིས་པོས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་འཕེལ་རྒྱས། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕར་གཞི་སྐྱེད་སྲིང་བྱེད་པ། དམངས་འཚོའི་མཉམ་ལས་ལ་གྲོས་བསྡུར་བཅས་བྱས་ནས་ཀྲུང་མའི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་བ་རེད།
     ཨན་ཝར་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་ནི་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་རླབས་ཆེན་གྱི་ཆབ་སྲིད་མཁས་ཅན་ཞིག་རེད། ཁོང་གིས་ཀྲུང་གོའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་འགྱུར་ལྡོག་བཏང་བ་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལའང་རེ་བ་སྦྱིན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་མ་ལེ་ཞི་ཡར་མ་འཇོག་དང་མཉམ་ལས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་མུ་སི་ལིམ་གྱི་ཆོས་དད་རང་མོས་དང་ཁ་ཆེའི་ཕྱག་ཁང་ལ་སྲུང་སྐྱོབ་ཡག་པོ་བྱུང་བས་མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཤེས་དཔལ་སྤེལ་རེས་དང་སྐད་ཆ་ཤོད་རེས་གཏིང་ཟབ་བྱེད་འདོད་ཡོད། ལོ་རྒྱུས་ཐོག་ཀྲུང་གོས་རྒྱལ་ཁབ་གཞན་དག་ལ་བཙན་འཛུལ་གཏན་ནས་བྱེད་མྱོང་མེད། ཉེ་དུས་ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་དང་དབྱི་རན་པེ་ཅིང་དུ་སྐད་ཆ་ཤོད་རེས་བྱེད་པར་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་བཏང་བ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཞི་བདེར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་སླར་ཡང་མཚོན་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་དཔུང་ཁག་གི་འགྲན་རྒོལ་དང་བཙན་ཤེད་ངང་ཤོག་ཁག་གདམ་དུ་བཅུག་པར་ངོ་རྒོལ་བྱེད་ཀྱི་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་རང་ཚུགས་རང་བདག་གི་སྟོབས་ཤུགས་ཤིག་ཡིན་པས་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་མི་འགྲོ་བ་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།