འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་02ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་3ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བའི་གནས་ཚུལ་ཡིན་པ།
འདི་ནི་ཟླ་3ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བའི་གནས་ཚུལ་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་3ཚེས་31ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་སང་ཆེ་སིར་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་སྤྲོད་གནང་རོགས་ཞུས་ཤིང་། ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་སིའི་གཉིས་ཁེ་དང་། མཉམ་ལས། གཉིས་ཕན་བཅས་ཀྱི་རྩ་བའི་ངེས་ཤེས་བརྟན་དུ་གཏོང་བ་དང་། རང་སོ་སོའི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་སོགས་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ། མཛའ་མཐུན་དང་། ཕན་ཚུན་ཡིད་ཆེས། མཉམ་ལས་བཅས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་འཐབ་ཇུས་ཀྱི་ངེས་ཤུགས་ལྡན་པའི་ཕྱོགས་གཉིས་པོའི་འབྲེལ་བ་གཏོད་དགོས། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་གྱི་སྤུས་ལེགས་ཚོང་ཟོག་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད་ལ། སི་ཕེན་གྱིས་ཀྱང་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དྲང་བདེན་གྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་སི་ཕེན་ནི་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་དང་རིག་གནས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པས་ཕྱོགས་གཉིས་པོས་ཀྲུང་སིའི་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ་ཡག་པོ་སྤེལ་བ་དང་། འཛམ་གླིང་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་དམ་ཟབ་བྱས་ནས། མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
     སང་ཆེ་སིས་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པས་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་སྤྲོད་གནང་ཞིང་། སང་ཆེ་སིས། སི་ཕེན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་པོའི་གཉིས་ཁེ་མཉམ་ལས་དང་ལྷག་པར་དུ་གློག་སྒུལ་རླངས་འཁོར་དང་། ལྗང་མདོག་ནུས་རྒྱུ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཐུན་མོང་ཐོག་སི་ཀྲུང་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། སི་ཕེན་གྱིས་འདི་ལོའི་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། སི་ཕེན་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཕྱོགས་གཉིས་པོས་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་བརྟན་པོ་དང་གསལ་པོ་ཡོད་དེ་འདུམ་ཐབས་བྱེད་པ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་དགོས། འཇམ་འཐབ་ཀྱི་བསམ་བློ་དང་དཔུང་ཁག་གི་འགྲན་རྒོལ་དོར་བ་དང་མཐར་ཐུག་གི་བཀག་སྡོམ་གྱི་གནོན་ཤུགས་སྤྲོད་རྒྱུ་དོར་དགོས། འབྲེལ་ཡོད་ཕྱོགས་ཁག་གིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་ཞིག་གཏོད་རྒྱུའི་རེ་བ་ཡོད།
     སང་ཆེ་སིས་སི་ཕེན་གྱི་འབྲེལ་ཡོད་ལྟ་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས། ཆབ་སྲིད་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོཌ་ཡིག་ཆར་སི་ཕེན་ཕྱོགས་ཀྱིས་གདེང་འཇོག་གང་ལེགས་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།