འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཆེད་དོན་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

——རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་ཀྱི་སློབ་གསོའི་བྱ་གཞག་གི་དར་རྒྱས་གོང་འཕེལ་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་31ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དབྱི་ཧྲུའུ་རན། ཡུས་ཧྥེ་དབྱང་།
     ཉེ་ཆར། པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བདུན་པའི་དུས་འགོའི་ཡན་ལག་ཚོགས་འདུ་སྟེ། བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཆེད་དོན་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་60ལྷག་ཙམ་གྱིས“ཀྲུང་གོའི་བོད་ཀྱི་སློབ་གསོ་དེང་རབས་ཅན་དང་སློབ་གསོ་ཐོབ་དབང་འགན་སྲུང”ཞེས་པའི་བརྗོད་དོན་གཙོ་བོ་འདིར་དམིགས་ཏེ་ཕྱོགས་མང་པོའི་ཐད་ནས་སྤེལ་རེས་དང་བགྲོ་གླེང་བྱས་ནས་ཡང་དག་ཅིང་གནད་ལ་འཁེལ་བའི་ལྟ་ཚུལ་བརྗོད་པ་དང་། གྲངས་གཞི་ཞིབ་ཚགས་ཅིང་གསོན་ཉམས་དོད་པའི་དཔེ་མཚོན་རེ་རེ་བཞིན་དྲངས་ནས་བོད་ཀྱི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ལུགས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
     ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཤེས་རབ་ཉི་མ་ནི་བསླབ་པ་རྒན་པའི་སློབ་གསོའི་ལས་དོན་པ་དང་བོད་རིག་པའི་རིགས་གཅིག་མཁས་ཅན་ཞིག་ཡིན་ཞིང་། ཁོང་གིས་རང་ཉིད་ཀྱི་ཁྱིམ་ཚང་དང་མི་སྒེར་གྱི་ཉམས་མྱོང་དངོས་དང་ཟུང་འབྲེལ་བྱས་ཏེ་ལོ་70ལྷག་ཙམ་རིང་བོད་ཀྱི་སློབ་གསོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་བརྗོད་ཡོད། ཁོང་གིས་མིག་སྔར་བོད་དུ་ཅུང་ཆ་ཚང་བའི་དེང་རབས་ཀྱི་སློབ་གསོའི་མ་ལག་བཙུགས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གསོ་ཐོབ་དབང་ལ་འགན་ལེན་གང་ལེགས་ཐུབ་ཡོད་པའི་ངོས་འཛིན་བྱས་པ་རེད།
     “ད་ཆ་བོད་ཀྱི་སློབ་གསོའི་སྤྱི་ཡོངས་ཀྱི་འཕེལ་རྒྱས་སྤྱིར་ན་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ཏེ་སྤུས་ཚད་མཐོ་བ་དང་དོ་སྙོམས་ཅན་གྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད”ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་སྐལ་བཟང་སྒྲོལ་མས་བོད་ཀྱིས་དགེ་འོས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང“སྐད་གཉིས”སློབ་གསོ་མཐའ་འཁྱོངས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གསོ་ཐོབ་དབང་ལ་འགན་སྲུང་ཏན་ཏིག་བྱས་ཡོད་ཅེས་བརྗོད།
     ཨོ་སི་ཁྲུ་ལི་ཡའི་ཀེ་ལི་ཧྥེ་སི་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེ་མོ་བ་མཱ་ཁེ་ལིན་གྱིས། བོད་རྙིང་པར་སློབ་གསོ་ཐོབ་མཁན་གཙོ་བོ་ནི་སྐྱེས་པ་ཡིན་པ་དང་བོད་ཀྱི་སློབ་གསོར་ཆོས་ལུགས་ཀྱི་ཤུགས་རྐྱེན་ཟབ་མོ་ལྡན་པ་མ་ཟད། གྲལ་རིམ་གྱི་རང་བཞིན་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྒོ་རྒྱག་རང་བཞིན་དང་རྙིང་ཞེན་བག་འཁུམས་རང་བཞིན་མངོན་གསལ་དོད་པོ་ལྡན་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་དེང་རབས་ཀྱི་མི་རིགས་སློབ་གསོའི་མ་ལག་གང་མགྱོགས་བསྐྲུན་པ་དང་། བོད་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དེང་རབས་ཀྱི་སློབ་གསོ་ལོངས་སུ་སྤྱོད་པའི་གཞི་རྩའི་ཁེ་དབང་འགན་ལེན་བྱེད་པ་བཅས་གནས་བབ་གལ་ཆེན་དུ་བཞག་ཡོད། “རྒྱབ་ལྗོངས་འདི་འདྲའི་འོག ནུབ་ཕྱོགས་ཀྱིས‘ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་གཏོང་བ’ཟེར་བའི་སྐྱོན་འཛུགས་བྱེད་པ་ནི་ཁུངས་ལུང་གང་ཡང་མེད་པ་དང་དྲང་གཞག་གཏན་ནས་མེད་པ་ཞིག་རེད”ཅེས་བརྗོད།
     ཡུན་ནན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དབྱང་མིང་ཧུང་གིས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་བོད་སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་ལ་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་ཤིང་། ཁོང་གིས་བོད་སྐད་ཡིག་ནི་བོད་ཀྱི་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་དང་བོད་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་བོད་སྐད་ཡིག་གི་སློབ་གསོ་སློབ་ཁྲིད་ལ་སྲུང་སྐྱོང་དང་འཕེལ་རྒྱས་ནུས་ལྡན་བྱུང་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་སྐད་ཡིག་ལ་སྔར་བཞིན་སྐྱེས་སྟོབས་རྒྱས་ཡོད་ཅེས་བརྗོད།
     སྤེལ་རེས་ནན་ཏན་དང་འཚོལ་ཞིབ་གཏིང་ཟབ་བྱས་པ་བརྒྱུད། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས། མིག་སྔར་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གསོ་ཐོབ་དབང་ལ་འགན་སྲུང་གང་ལེགས་བྱུང་ནས་བོད་ཀྱི་སློབ་གསོའི་སྡེ་ཁག་དང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གི་སློབ་ཁྲིད་ལ་མཐོང་ཆེན་པོ་བྱེད་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། བོད་ཀྱི་དེང་རབས་ཅན་གྱི་སློབ་གསོར་བརྟེན་ནས་བོད་སྐད་བྱང་ཆུབ་པའི་གཞོན་ནུ་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཏེ། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་རིག་ནུས་ཀྱི་འདེགས་སྐྱོར་ཟམ་མི་ཆད་པ་བྱས་ཡོད་པའི་ངོས་འཛིན་བྱས་པ་རེད།