འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྗར་པན་ལ་སྐུལ་འདེབས་བྱས་དོན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་3ཚེས་29ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པས་དྲི་བ་བཏོན་དོན། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་28ཉིན། ལྗར་པན་སློབ་གསོ་ཚན་རིག་པུས་སློབ་ཆུང་གི་སློབ་དེབ་ཁག་གཅིག་ལ་ཞིབ་བཤེར་གཏན་འབེབས་དང་གྲོས་འཆམ་བྱས་ནས། ལྗར་པན་ཕྱོགས་ཀྱིས་ཕྱོགས་རྐྱང་པའི་མངའ་ཁོངས་ཀྱི་འདོད་ཚུལ་དྲིལ་བསྒྲགས་བྱས་ཤིང་། ལྗར་པན་གྱིས་བཙན་ཤེད་ངང་ངལ་རྩོལ་བཟོ་པ་བསྡུས་པ་དང་བྲན་དུ་བཀོལ་བའི་ལོ་རྒྱུས་ཀྱི་དོན་དངོས་ལ་འཁྱོག་བཤད་བྱས་པ་དང་། ཁོ་རེ་ཡ་ཕྱེད་གླིང་ལ་དབང་སྒྱུར་བའི་སྐབས་ཀྱི་དྲག་སྤྱོད་གཡོ་འགེབས་བྱས་པ་རེད། ལྷོ་ཁོ་རེ་ཡས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་རྒོལ་གཏམ་བཏང་འདུག་ཅིང་། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
   མའོ་ཉིང་གིས་བསྟན་དོན། སློབ་དེབ་ལ་ཞིབ་བཤེར་གཏན་འབེབས་བྱེད་སྐབས། ཡི་གེའི་རོལ་རྩེད་བརྒྱུད་ནས་ལོ་རྒྱུས་ཀྱི་དོན་དངོས་མི་གསལ་བར་བཏང་བར་བརྟེན། ལོ་རྒྱུས་ཀྱི་ཉེས་འགན་ཆུང་དུ་གཏོང་དང་གཡོལ་ཐབས་བྱེད་པ་ནི་ལྗར་པན་ཕྱོགས་ཀྱིས་རང་ཉིད་ཀྱི་བཙན་འཛུལ་ལོ་རྒྱུས་ཁས་མི་ལེན་པ་དང་འཁྱོག་བཤད་བྱེད་པའི་རྒྱུན་སྤྱོད་ཀྱི་གཡོ་ཐབས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ཀྱིས་སློབ་དེབ་ལ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ལོ་རྒྱུས་ཀྱི་མངའ་ཁོངས་ས་ཆའི་གནད་དོན་ཐད་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བར་སྔར་བཞིན་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ། ལྗར་པན་ཕྱོགས་ལ་འབྲེལ་གཏུག་ནན་མོ་བྱས་ཡོད། ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དམག་འཁྲུག་གིས་གནོད་འཚེ་ཕོག་མཁན་རྒྱལ་ཁབ་ཀྱི་མི་དམངས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། བཙན་ཤེད་ཀྱིས་ངལ་རྩོལ་བཟོ་པ་བསྡུས་པ་དང་བྲན་དུ་བཀོལ་བ་ནི་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་ནག་ཉེས་ཚབས་ཆེན་ཞིག་ཡིན་པ་དང་དཔང་རྟགས་ཁུངས་བཙན་ཡོད་པས་བསྐྱར་སློག་བྱེད་མི་རུང་། ཏེའོ་ཡུས་གླིང་ཕྲན་དང་དེའི་ཁོངས་གཏོགས་གླིང་ཕྲན་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་སྔར་ཡོད་མངའ་ཁོངས་ཡིན་པས། ལྗར་པན་ཕྱོགས་ཀྱིས་སློབ་དེབ་ཐོག་གང་ཞིག་བྲིས་ཀྱང་ཏེའོ་ཡུས་གླིང་ཕྲན་ཀྲུང་གོར་དབང་བའི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ།
   མའོ་ཉིང་གིས་ནན་བཤད་བྱས་དོན། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ལ་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ལ་མཐོང་ཆེན་བྱས་ནས། ལོ་རྒྱུས་ཀྱི་ལྟ་བ་ཡང་དག་ལ་བརྟེན་མི་རབས་རྗེས་མར་སློབ་གསོ་བཏང་སྟེ། ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཤོར་བ་སྔོན་འགོག་བྱེད་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན།