འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཅིག་གྱུར་བྱུང་ན་སྤུན་ཟླ་ཐའེ་ཝན་པར་ཕན་ཐོགས་འདི་དག་ཡོད་ཅེས་བཤད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་ཡིས་ཉེ་ཆར་ཅང་སུའུ་ཁུན་ཧྲན་དུ་ཐའེ་ཝན་གྱི་ཚོང་པ་དང་ན་གཞོན་པར་བཞུགས་མོལ་བྱས་པ་དང་། གཅིག་གྱུར་བྱུང་ན་ཕན་ཐོགས་གང་དག་ཡོད་པ་ལན་འདེབས་དུས་བཤད་དོན། ཁོང་གིས་ཀྲུང་གོ་གཅིག་གི་རྩ་དོན་འོག་སྤུན་ཟླ་ཐའེ་ཝན་པས་གང་ཞིག་ཐོབ་པར་གྲོས་མོལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། ཚེས་29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལན་གྱིས་གནད་དོན་དེའི་ཐད་རྒྱས་བཤད་གནང་བ་རེད། ཁོང་གིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་གཅིག་གྱུར་ཡོང་བ་བྱ་རྒྱུ་དེ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་དང་འགྲོ་ལམ་ཡང་དག་ཅིག་རེད། གཅིག་གྱུར་བྱུང་རྗེས་སྤུན་ཟླ་ཐའེ་ཝན་པ་རྣམས་ལ་ཕན་ཁེ་ངོ་མ་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད། 
     ཁོང་གིས། གཅིག་གྱུར་བྱས་རྗེས་ཐའེ་ཝན་གྱིས་སྐམ་ས་ཆེན་མོའི་སྤྱི་ཚོགས་ལམ་ལུགས་དང་མི་འདྲ་བའི་ལམ་ལུགས་ལག་བསྟར་བྱས་ཆོག རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་འགན་ལེན་བྱེད་པའི་ཆ་རྐྱེན་འོག་སྤུན་ཟླ་ཐའེ་ཝན་པའི་སྤྱི་ཚོགས་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་སོགས་ལ་བརྩི་འཇོག་གང་ལེགས་ཐོབ་རྒྱུ་དང་། སྤུན་ཟླ་ཐའེ་ཝན་པའི་སྒེར་གྱི་རྒྱུ་ནོར་དང་། ཆོས་ལུགས་དད་མོས། ཁྲིམས་མཐུན་ཁེ་དབང་བཅས་འགན་ལེན་གང་ལེགས་ཐུབ་རྒྱུ་རེད།
     གཅིག་གྱུར་བྱུང་རྗེས་ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལམ་སྲོལ་ཅན་དང་ལམ་ལུགས་ཅན་སྔར་བས་འཐུས་ཚང་དུ་འགྲོ་བ་དང་། སྐམ་ས་ཆེན་མོའི་ཁྲོམ་ར་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་གནས་ནས་ཐའེ་ཝན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་དང་། འགྲན་རྩོད་ནུས་པ་དེ་བས་ཆེ་བ། ཐོན་ལས་ཀྱི་འབྲེལ་ཐག་དེ་བས་བརྟན་ལ་ཤར་བགྲོད་ཐུབ་པ། གསར་གཏོད་གསོན་ཤུགས་དེ་བས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བ་བཅས་ཡོང་ཐུབ། ཐའེ་ཝན་གྱི་ནོར་སྲིད་ཡོང་འབབ་དེ་དམངས་འཚོ་ལེགས་སུ་གཏོང་བའི་ཐད་སྤྱོད་རྒྱུ་དང་། མི་སེར་ལ་བྱ་བ་དངོས་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་རྒྱུ་རེད། 
     གཅིག་གྱུར་བྱུང་རྗེས་ཐའེ་ཝན་གྱི་རིག་གནས་གསར་གཏོད་ནུས་པ་དར་སྤེལ་གང་ལེགས་ཐུབ་རྒྱུ་དང་། ངོགས་གཉིས་ཀྱི་སྤུན་ཟླས་ཀྲུང་ཧྭ་རིག་གནས་ཐུན་མོང་ཐོག་རྒྱུན་འཛིན་དང་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ། སྤེལ་རེས་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། མི་རབས་རྗེས་མ་སྐྱེད་སྲིང་བྱེད་རྒྱུ། ཐའེ་ཝན་ས་ཁོངས་ཀྱི་རིག་གནས་ཀྲུང་ཧྭ་རིག་གནས་ཀྱི་རྩ་བའི་གསོ་བཅུད་ཁྲོད་ཡལ་ག་དང་ལོ་མ་དེ་བས་རྒྱས་པ་ཡོང་རྒྱུ་རེད།
     གཅིག་གྱུར་བྱུང་རྗེས་སྤུན་ཟླ་ཐའེ་ཝན་པའི་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་རུ་འགྲོ་རྒྱུ་དང་། རྒྱལ་སྤྱིའི་ཐོག་མགོ་བོ་འདེགས་ཤུགས་དེ་བས་ཆེ་རུ་འགྲོ་བ། བདེ་འཇགས་དང་ལ་རྒྱ་དེ་བས་ཆེ་རུ་འགྲོ་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་གཟི་བརྗིད་ལོངས་སྤྱོད་བྱ་རྒྱུ་བཅས་ཡོང་བ་ཡིན་པ་བསྟན།