འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་རྟེན་འབྲེལ་ཞུས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་30ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། བོད་ལྗོངས་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས། དུས་རབས་གསར་པར་བསྔགས་བརྗོད་དང་འཚོ་བ་གསར་པར་སྨོན་འདུན་ཞུས་པ་རེད།
     ཉིན་དེའི་སྔ་དྲོར། བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་སྤེལ་བར་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་2000ཞུགས་ཡོད། ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གིས“ཏང་གི་འོད་སྟོང་ཉི་འོད་ངའི་སེམས་ནང་དུ་འཕྲོ”ཞེས་པའི་རིག་རྩལ་མཉམ་དུ་འཁྲབ་སྟོན་སྤེལ་བ་དང་།《སྤྲོ་སྣང་ལྡན་པའི་ལྷ་མོའི་ཕ་ཡུལ》དང《བདེ་སྐྱིད་ལྡན་པའི་ལྷ་ས》སོགས་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་ལྟད་མོ་བའི་དགའ་བསུ་ཐོབ་ཡོད། གཞིས་ཀ་རྩེ་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་མི་རྣམས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ནས་གླུ་ལེན་གར་འཁྲབ་བྱས་ཏེ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།
     ཉིན་དེར་བོད་ལྗོངས་ཀྱི་ས་གནས་ཁག་གིས་ད་དུང་བཞུགས་མོལ་ཚོགས་འདུ་དང་། སྒྲོག་འགྲེལ། འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཡོད། ལྷོ་ཁའི་ཁེ་སུང་སྡེ་ཁུལ་དུ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་འགྲེམས་སྟོན་ཁང་གི་འགྲེམས་སྟོན་བསྒྱུར་བའི་རྣམ་གྲངས་ལེགས་སྒྲུབ་བྱས་ནས་སྤྱི་དམངས་ལ་སྒོ་མོ་ཕྱེ་ཡོད། དངོས་རྫས་དང་། ཡུལ་དངོས་རྣམ་པ། འཇིམ་བརྐོས། སྨྱན་སྦྱོར་མང་བའི་རྣམ་པ་བརྒྱུད། མི་རིགས་ཁག་གི་མང་ཚོགས་ཀྱིས་འབད་འབུངས་ཡར་བརྩོན་གྱི་འཐབ་ལམ་གསར་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པའི་བསམ་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་སློབ་གསོ་དང་། སྨན་བཅོས། སྡོད་ཁང་། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོར་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ། མང་ཚོགས་སྔར་ལས་མང་བས“སྣོད་བཅུད་ཟ་མ”དང“ཡུལ་སྐོར་ཟ་མ”ལོངས་སྤྱོད་ཐུབ་ནས། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་ཡོད། 2022ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་4.8%དང་7.5%འཕར་ཡོད།
     ད་ལོ་བོད་ལྗོངས་ཀྱིས་མཐོ་སྒང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། སྣོད་བཅུད་འདུ་འགོད་གལ་ཆེན་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་བསྟར་ཏེ། ནས་དང་། འབྲི་གཡག བོད་སྨན་སོགས་ཁྱད་ལྡན་ཐོན་ཁུངས་ལ་དམིགས་ཏེ། རིག་ལྡན་ཞིང་འབྲོག་ལས་ཀྱི་ཚོད་ལྟའི་ལས་དོན་ཁག་ཅིག་སྤེལ་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།