འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཆུ་དཔྱད་ལྟ་ཞིབ་ཚད་ལེན་ལས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་ཆུ་རྩ་གསོ་འཁྱོངས་ནུས་པ་ཆེ་རུ་ཕྱིན་
པ་མངོན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་29ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་ནི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དང“གཙང་ཆུའི་ཆུ་འགོ”ཞེས་སུ་གྲགས། “ཀྲུང་གོའི་ཆུའི་གཟའ་འཁོར”སྐབས་36པ་འཆར་ཉེའི་སྐབས་སུ་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཀྱི་ཚད་ལེན་སྙན་ཞུ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཡིན་པའི་ངོས་ནས་མཚོ་སྔོན་ཞིང་ཆེན་གྱི་ལོ་མང་རིང་ཆ་སྙོམས་ཆུ་ཁ་ཇེ་མཐོར་འགྲོ་བ་དང་དུས་མཚུངས་ཆུ་རྩ་གསོ་འཁྱོངས་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།
   མཚོ་སྔོན་ཞིང་ཆེན་ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཚད་ལེན་སྙན་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཆི་ཅང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་ལོ་མང་རིང་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་629.3ཟིན་ཡོད། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་བཀོད་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ལོ་མང་རིང་ཆ་སྙོམས་ཆུ་ཁ་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་པ་རེད། 1956ལོ་ནས་2000ལོ་བར་མཚོ་སྔོན་ཞིང་ཆེན་དུ་ལོའི་ཆ་སྙོམས་ས་ངོས་ཆུ་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་596ཟིན་པ་དང་། 2001ལོ་ནས་2021ལོ་བར་ལོའི་ཆ་སྙོམས་ས་ངོས་ཆུ་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་660.16ཟིན་པ། 2005ལོ་ནས་2021ལོའི་བར་ལོའི་ཆ་སྙོམས་ས་ངོས་ཆུ་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་686.08ཟིན་ཡོད་པ་བཅས་རེད།
    ཆུ་འགོ་དང་སྟོད་རྒྱུད་ས་ཁུལ་ཡིན་པའི་ངོས་ནས་མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔྱད་དང་། ཆུའི་ཐོན་ཁུངས། ཆུའི་ཁོར་ཡུག་བཅས་ཀྱི་འགྱུར་ལྡོག་དེ་ཆུ་ལམ་བརྒྱུད་ནས་འདྲེན་པ་དང་སྨད་རྒྱུད་དུ་སྤོ་སྒྱུར་བྱེད་དགོས་པས། ཀྲུང་ཧྭ་མི་རིགས་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། འདི་དག་ལས་མཚོ་སྔོན་ནི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཡིན་པའི་གལ་ཆེའི་རང་བཞིན་དང“ཆུ་འགོའི་འགན་འཁྲི”མངོན་བཞིན་ཡོད་པ་རེད།