འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་། 2050ལོར་སླེབས་སྐབས་གོ་ལ་ཧྲིལ་པོར་ཆུ་དཀོན་པའི་གནད་དོན་འཕྲད་པའི་གྲོང་ཁྱེར་གྱི་མི་འབོར་ལྡབ་འཕར་འགྲོ་སྲིད་ཅེས་འཁོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་28ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2023ལོའི་ཆུ་དོན་ཚོགས་འདུ་མ་འཚོག་གོང་། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཆུ་དོན་ལམ་སྲོལ་གྱིས《2023ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཆུའི་འཕེལ་རྒྱས་སྙན་ཞུ》ཐུན་མོང་ཐོག་བཀྲམ་པ་རེད། སྙན་ཞུའི་ནང་སྔོན་དཔག་བྱས་པར། 2050ལོར་སླེབས་སྐབས་གོ་ལ་ཧྲིལ་པོར་ཆུ་དཀོན་པའི་གནད་དོན་འཕྲད་པའི་གྲོང་ཁྱེར་གྱི་མི་འབོར་ལྡབ་འཕར་ཡོང་རྒྱུ་ཡིན་པ་རེད།
     སྙན་ཞུའི་ནང་བསྟན་དོན། འདས་ཟིན་པའི་ལོ་40ཡི་ནང་། གོ་ལ་ཧྲིལ་པོའི་ཆུ་སྤྱོད་ཚད་ལོ་ལྟར་1%གི་མྱུར་ཚད་ཐོག་ནས་འཕར་ཡོད། མི་འབོར་མང་དུ་འགྲོ་བ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་འཛད་སྤྱོད་བྱེད་སྟངས་ཀྱི་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཐུན་མོང་སྐུལ་འདེད་འོག་སྔོན་དཔག་བྱས་ན་2050ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་ཆུ་སྤྱོད་ཚད་སྔར་བཞིན་མིག་སྔའི་མྱུར་ཚད་ཐོག་ནས་མུ་མཐུད་འཕར་རྒྱུ་དང། འཕར་ཚད་དེ་གཙོ་བོ་ཡོང་འབབ་འབྲིང་དམའི་རྒྱལ་ཁབ་དང་ལྷག་པར་དུ་གསར་དར་དཔལ་འབྱོར་དངོས་ཚན་ནས་ཡོང་རྒྱུ་རེད། གོ་ལ་ཧྲིལ་པོར་ཆུ་དཀོན་པའི་གནད་དོན་འཕྲད་པའི་གྲོང་ཁྱེར་གྱི་མི་འབོར་སྔོན་དཔག་བྱས་ན་2016ལོའི་དུང་ཕྱུར་9.3ནས་2050ལོར་དུང་ཕྱུར་17ནས་24བར་འཕར་རྒྱུ་རེད།
     སྙན་ཞུའི་ནང་ནན་བཤད་བྱས་དོན། རྒྱུན་མཐུད་ཆོག་པའི་ཆུའི་ཐོན་ཁུངས་དོ་དམ་བྱེད་པར་བརྟེན་ནས་ཆུ་དང་། འབྲུ་རིགས། ནུས་རྒྱུ་བཅས་ཀྱི་བདེ་འཇགས་འགན་ལེན་བྱེད་པ་དང་། མི་ཚང་མར་དྭངས་གཙང་གི་འཐུང་ཆུ་དང་འཕྲོད་བསྟེན་སྒྲིག་བཀོད་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ། མིའི་རིགས་ཀྱི་བདེ་ཐང་དང་འཚོ་བའི་ཐད་རྒྱབ་སྐྱོར་བྱེད་པ། གནམ་གཤིས་འགྱུར་ལྡོག་དང་དམིགས་བསལ་དོན་རྐྱེན་གྱི་ཤུགས་རྐྱེན་ཆུང་དུ་གཏོང་བ་སོགས་ནི་རྙོག་འཛིང་ཆེ་བའི་དཀའ་གནད་ཅིག་རེད།