འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ནུབ་ཕྱོགས་རྒྱལ་ཁབ་ཀྱིས་མིང་ཆད་ངན་པ་བཟོས་པ་དང་དམའ་འབེབས་བཏང་བར་རྒོལ་གཏམ་དྲག་པོ་བཏང་བ།

——ཀྲུང་གོའི་འཐུས་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་52པའི་ཐོག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་28ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རེ་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་འཐུས་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་52པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་གཏམ་བཤད་སྤེལ་སྐབས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་མིང་ཆད་ངན་པ་བཟོས་པ་དང་དམའ་འབེབས་བཏང་བར་རྒོལ་གཏམ་དྲག་པོ་བཏང་སྟེ་ནུབ་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱས་ཉེས་དང་གཡོ་སྒྱུའི་གདོང་རིས་ངན་པར་ཐེར་འདོན་དགག་རྒྱག་བྱས་ཡོད།
     ཀྲུང་གོ་ཕྱོགས་ཀྱིས་བརྗོད་དོན། ཀྲུང་གོས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། “རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི”རྩ་ཁྲིམས་ཀྱི་རྩ་དོན་མཐའ་འཁྱོངས། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ལ་བརྩི་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་བསྐྱོད་ནས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་སྐྱེ་བོ་ཀུན་གྱིས་མིག་མཐོང་ལག་ཟིན་བྱུང་ཡོད།
     ཀྲུང་གོ་ཕྱོགས་ཀྱིས་བསྟན་དོན། རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་། ཞིབ་ཕྲའི་རྒྱལ་བབ། མི་དམངས་ཀྱི་རེ་ཞུ་བཅས་དབར་ཧེ་བག་ཆེན་པོ་ཡོད་པས། འཛམ་གླིང་ཐོག་གཙོ་བོ་གཅིག་ངེས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་སྟངས་ཤིག་མེད། རྒྱལ་ཁབ་ཁག་གཅིག་གིས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ཏེ་ཆ་འཕྲིན་རྫུས་མ་བཟོས་ནས་བཀྲམ་པ་དང་། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གནད་དོན་སྦིར་སྒྲོག་ཡང་ཡང་བྱས་ནས་ཀྲུང་གོར་ཚུར་རྒོལ་དང་མིང་ཆད་ངན་པ་བཟོ་བ་དང་ཀྲུང་གོའི་འཕེལ་རྒྱས་ལ་གནོན་ཤུགས་སྤྲོད་པ་དང་བཀག་འགོག་བྱེད་རྒྱུའི་རེ་ངན་འཆང་གི་ཡོད། ལྐོག་གཡོ་དེ་དག་ནི་མི་སེམས་ལ་ཟུག་ཐབས་མེད་པ་དང་སྣ་ཁུང་རྡབ་ངེས་ཡིན་པ་གསལ་པོ་རེད། རྒྱལ་ཁབ་བརྒྱ་ལྷག་ཙམ་གྱིས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་ཐབས་ཤེས་མི་འདྲ་བར་བརྟེན་ནས་ཤིན་ཅང་དང་། བོད་ལྗོངས། ཤང་ཀང་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོར་རྒྱབ་སྐྱོར་གསལ་པོ་བྱས་ཡོད། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་51པའི་ཐོག་ཤིན་ཅང་དང་འབྲེལ་བ་ཡོད་པའི་གཏན་འབེབས་ཀྱི་འཆར་ཟིན་བཀག་འགོག་མཐའ་གཅིག་ཏུ་བྱས་ཡོད། དེ་དག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་སེམས་ཕྱོགས་ས་གསལ་པོར་མཚོན་ཡོད།
     ཀྲུང་གོ་ཕྱོགས་ཀྱིས་ནན་བཤད་བྱས་དོན། ཀྲུང་གོར་དམའ་འབེབས་གཏོང་མཁན་རྒྱལ་ཁབ་དེ་དག་གི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ནི་བྱ་ཐབས་དངོས་སྤྱད་དེ་རང་རང་སོ་སོའི་རྒྱལ་ཁབ་ཏུ་གནས་པའི་རིགས་རྒྱུད་རིང་ལུགས་དང་། མེ་མདའི་གཏུམ་སྤྱོད། དུས་རྫས་ཉེས་གསོག ངལ་རྩོལ་བཙན་སྐུལ། ཆགས་སྲེད་གཏུམ་སྤྱོད་སོགས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེན་ཐག་གཅོད་བྱེད་དགོས་པ་དང་། ཨ་ཧྥེ་རི་ཁ་བ་དང་དེ་བཞིན་ཨ་ཧྥེ་རི་ཁ་བའི་རྒྱུད་པ་དང་། མུ་སི་ལིམ། སྐྱབས་བཅོལ་བ་དང་གནས་སྤོས་མི་སེར། ཡུལ་དེ་གའི་མི། བུད་མེད་དང་བྱིས་པ་སོགས་གྲངས་ཉུང་དང་གཉོད་ཆུང་ཚོགས་སྤྱིའི་དབང་ཆར་བཙན་གནོད་གཏོང་མཚམས་འཇོག་དགོས་པ། རྒྱལ་སྤྱིའི་ཐོག་དམག་ཞེན་འཁྲུག་སློང་དང་། བཙན་དབང་དང་དྲག་ཐབས་ཀྱི་བྱེད་སྟངས་འདོར་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དམིགས་པའི་ཁྲིམས་འགལ་གྱི་ཕྱོགས་རྐྱང་བཙན་ཤེད་ཀྱི་བྱ་ཐབས་མཚམས་འཇོག འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་དང་ས་ཁུལ་གྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་མཚམས་འཇོག་དགོས་པ་བཅས་རེད།
     ཀྲུང་གོ་ཕྱོགས་ཀྱིས་བསྟན་དོན། རི་པིན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་རྒྱུའི་གཏན་འབེབས་བྱས་པ་དེས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་དབང་ཆ་དང་བདེ་ཐང་དབང་ཆར་གནོད་འཚེ་ཚབས་ཆེན་བཟོས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེར་དོ་ཁུར་ཆེན་པོ་བྱས་ཏེ་རི་པིན་ཕྱོགས་ལ་སྒྲུབ་དགོས་ངེས་ཀྱི་རྒྱལ་སྤྱིའི་འོས་འགན་ཏན་ཏིག་བསྒྲུབས་ཏེ་ཡོངས་བསྒྲགས་དང་། ཁ་གསལ། ཚན་རིག་དང་མཐུན་པ། བདེ་འཇགས་བཅས་ཀྱི་ཐབས་ཤེས་སྤྱད་ནས་ཉིང་རྡུལ་བཙོག་ཆུ་ཐག་གཅོད་བྱེད་དགོས་པའི་སྐུལ་འདེབས་བྱེད་ཀྱི་ཡོད།