འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རི་ཡང་བསྐྱར་ཚོགས་པའི་ནང་ཞུགས་འདོད་པའི་ཐད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་27ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཟླ་3ཚེས་24ཉིན་གྱི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ཚོགས་འདུའི་ཐོག་གསར་འགོད་པས་དྲིས་དོན། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་22ཉིན། ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས(UNESCO)ཀྱི་ལེགས་སྐྱེས་འབུལ་མཁན་ཆེ་ཤོས་དེ་ཡིན་པས་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། ཨ་རི་དེའི་ནང་མ་ཞུགས་ཚེ། རྩ་འཛུགས་དེ་འཛུགས་པའི་གོ་སྐབས་ཤོར་བ་རེད། ཨ་རི་ཡང་བསྐྱར་UNESCOལ་ལོག་དགོས་ཤིང་འདི་ཤིན་ཏུ་གལ་ཆེ་བ་བརྗོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
   མའོ་ཉིང་གིས་ཨ་རི་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ནས་ཕྱིར་འཐེན་ཐེངས་གཉིས་བྱས་པས། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ལས་དོན་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། གལ་ཏེ་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་ཕྱིར་ལོག་བྱེད་འདོད་ཡོད་ཚེ། ང་ཚོས་ཨ་རི་ཕྱོགས་ཀྱི་ཐོག་མའི་དམིགས་ཡུལ་ནི་རྒྱལ་སྤྱིའི་འགན་འཁྲི་འཁུར་བ་དང་། རྒྱལ་སྤྱིའི་འོས་འགན་སྒྲུབ་པ། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཡིན་པའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་། དེ་དང་ཆབས་ཅིག་ཨ་རི་ཕྱོགས་ཀྱིས་ཚོགས་པ་ནས་ཕྱིར་བུད་པ་དང་། “ཨ་རི་སྔོན་ལ་འཇོག་པའི”ནོར་འཁྲུལ་བྱེད་སྤྱོད་ལ་སྐྱོན་ཞིབ་བྱས་ནས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་འཇོག་བྱེད་པའི་སེམས་བཟང་དང་ལྷག་བསམ་མཚོན་དགོས། དེ་ལྟར་བྱས་ཚེ། ཨ་རི་ཕྱོགས་ལ་གཞི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱབ་སྐྱོར་ཡང་ཐོབ་རྒྱུ་རེད་བརྗོད། 
   མའོ་ཉིང་གིས་རྒྱལ་སྤྱིའི་སྒྲིག་གཞི་ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་སྟེགས་བུ་ཞིག་ཡིན་པ་ལས་ས་འབྲེལ་འགྲན་འཛུགས་གཡུལ་ས་ཞིག་མིན། གལ་ཏེ། ཨ་རི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ནང་གི་ཀྲུང་གོའི་དགེ་མཚན་ལྡན་པའི་ནུས་པར་སེམས་གཏིང་ནས་གདེང་འཇོག་བྱས་ཚེ། ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་། གལ་ཏེ་ཨ་རི་ཕྱོགས་ཀྱིས་དོ་སྙོམས་དང་ཀྲུང་གོ་ཕྱོགས་ཀྱི་ཤུགས་རྐྱེན་ཚོད་འཛིན་བྱ་ཆེད་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་ཕྱིར་ལོག་བྱས་ཚེ། དེ་ནི་ཕྱི་ཚུལ་ཙམ་ལས་དོན་ལ་འགྱུར་བ་མེད་པར་འདོད་ཅིང་། སྔར་བཞིན་“ཨ་རི་སྔོན་ལ་འཇོག་པ་”དེ་རྒྱལ་སྤྱིའི་སྤྱི་ཕན་གྱི་དང་པོར་འཇོག་སྲིད།