འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཧོ་ལི་སི་གོང་མ་གྲོང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་27ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལོན་ཡུས་ཅཱ།
     ཉེ་ཆར། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཐེ་ཀེ་ཤང་ཧོ་ལི་སི་གོང་མ་གྲོང་ཚོར་སྐྱོད་པའི་ལམ་བར་དུ་མཛེས་སྡུག་ཡིད་དུ་འོང་བའི་གྲོང་གསེབ་རེ་རེ་བཞིན་མིག་ལམ་དུ་འཆར་ཞིང་། དེང་རབས་ཅན་གྱི་མང་ཚོགས་ཀྱི་སྡོད་ཁང་སྟར་པ་བཞིན་གྲོང་ཚོའི་ལམ་བུའི་གཡས་གཡོན་དུ་བརྒྱབ་ཡོད་པ་དང་། ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དེ་དག་ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་སྣུར་སྲིང་བྱས་ཤིང་། བགྲེས་སོང་ཚོས་རིག་གནས་ཐང་ཆེན་དུ་མིག་མངས་རྩེ་བ་དང་གཟུགས་པོར་སྦྱོང་བརྡར་བྱེད་བཞིན་ཡོད་པས། དེ་ག་ནས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་བརྟན་ལྷིང་མཐུན་སྒྲིལ་དང་ཤེས་དཔལ་འབྱོར་ཕྱུག་གི་རྣམ་པ་ཞིག་མངོན་བཞིན་འདུག
     གྲོང་ཚོའི་མདའ་ནས་ནང་དུ་བལྟས་ཚེ། མི་རྣམས་ཀྱི་འདྲེན་བྱེད་ལམ་དུ་འཆར་བ་ནི་དཔེ་དེབ་ཀྱི་དབྱིབས་སུ་བཞེངས་པའི་རྡོ་བརྐོས་ཤིག་ཡིན་པ་དང་། དེའི་ཐོག“མེས་རྒྱལ་ལ་དགའ་ཞེན་དང་། ཕ་ཡུལ་ལ་དགའ་ཞེན། སྒྲིག་བཀུར་ཁྲིམས་སྲུང་། སྲོལ་བཟང་དར་སྤེལ”ཞེས་པའི་ཡིག་ཆེན་བརྐོས་ཡོད།
     དེ་དག་ནི་ཧོ་ལི་སི་གོང་མ་གྲོང་ཚོའི“གྲོང་སྲོལ་དམངས་ཆིངས་ནང་བཅུག་པའི་བྱ་སྤྱོད་ཀྱི་ཚད་གཞི་ཡིན་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་རྒྱ་རིགས་དང་། བོད་རིགས། ཧོར་རིགས། སོག་རིགས་བཅས་མི་རིགས་བཞིའི་མང་ཚོགས་ཀྱིས་གོང་དུ་བཀུར་བའི་ལེགས་བཤད་རེད། དེས་མ་ཚད་གྲོང་ཚོའི་གཞུང་ལམ་གཡས་གཡོན་དུ་དྲིལ་བསྒྲགས་སྒྲོམ་30དང་རིག་གནས་གྱང་5ལས་གྲུབ་པའི་རིག་གནས་བར་ཁྱམས་ཡོད་པ་མ་ཟད། ཧོ་ལི་སི་གོང་མ་གྲོང་ཚོའི་ཤེས་དཔལ་ཡུལ་སྲོལ་ཡང་ཇི་མ་ཇི་བཞིན་དུ་བཀོད་ཡོད།
     མི་རིགས་མཐུན་སྒྲིལ་གྱི་བརྗོད་བྱ་གཙོ་བོ་མཚོན་པའི་རི་མོ་དང་ཀློག་བདེ་བའི་སྙན་ཚིག་རེ་རེ་ལས་མི་རིགས་མཐུན་སྒྲིལ་དང་། གྲོང་སྲོལ་དམངས་ཆིངས། རྒན་བཀུར་གཞོན་གཅེས། ཁོར་ཡུག་ལ་གཅེས་སྐྱོང་སོགས་ཀྱི་བརྗོད་དོན་གཙོ་བོ་གྲོང་མིའི་མདུན་དུ་གསལ་གསལ་ཐིང་ཐིང་དུ་མངོན་པར་བྱས་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་འོག་ཚ་རྔ་འགག་མཛོད་ཁུལ་གྱི་གནས་སྤོས་བཀོད་སྒྲིག་གྲོང་ཚོ་ཞིག་ཡིན་པའི་ཧོ་ལི་སི་གོང་མ་གྲོང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་སྤྲོའི་རོལ་མོ་ཞིག་བརྩམས་ཡོད།
     “གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་སོགས་དུས་ཆེན་གལ་ཆེན་འཆར་རིམ་བཞིན་གྲོང་ཚོས་རིག་རྩལ་འཁྲབ་སྟོན་རུ་ཁག་དང་དམངས་ཁྲོད་ཀྱི་འཁྲབ་སྟོན་རུ་ཁག་སྒྲིག་འཛུགས་བྱས་ནས་འཁྲབ་སྟོན་བྱེད་ཀྱི་ཡོད། ལྷག་པར་དུ་དགུ་པའི་ཚེས་དགུའི་དུས་ཆེན་སྐབས། གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་ལོ་60ཡན་གྱི་རྒན་རྒོན་མཉམ་འཛོམས་ཀྱིས་དུས་ཆེན་དགའ་གཏོང་བྱས་ཏེ་རྒན་རྒོན་ཚོར་རྒས་དུས་སྤྲོ་སྣང་ཡོད་པ་བྱས་ཡོད། ང་ཚོས་ལོ་ལྟར་ད་དུང‘སྒྱུག་མོ་བཟང་པོ’དང་། ‘མནའ་མ་བཟང་པོ’‘སྐར་མ་ལྔ་རིམ་པའི་ཤེས་དཔལ་དུད་ཚང’སོགས་ཀྱི་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྤེལ་གྱི་ཡོད། དེས་ཤེས་དཔལ་གྲོང་གསར་འཛུགས་སྐྲུན་ལ་ཞུགས་པའི་གྲོང་མིའི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཐུབ་ཁར། ཧོ་ལི་སི་གོང་མ་གྲོང་ཚོའི་ཡུལ་སྲོལ་སྔར་བས་ཞི་མཐུན་དང་བབ་ཆགས་ཡོང་རྒྱུའི་རེ་བ་ཡང་ཡོད”ཅེས་ཧོ་ལི་སི་གོང་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་ཕྱུག་གིས་བཤད།
     “ལོ་ཁ་ཤས་གོང་གྲོང་ཚོས་རྒན་རྒོན་90སྒྲིག་འཛུགས་བྱས་ནས་སན་ཡཱ་དང་། ཧའེ་ཁོའུ། ཀུའེ་ལིན་སོགས་སུ་ཡུལ་སྐོར་དུ་ཁྲིད་པ་དང་ང་ཡང་ཡོད། གྲོང་ཚོའི་ལས་བྱེད་པ་རྣམས་དངོས་གནས་སྙིང་ཉེ་བ་ཞིག་འདུག ང་ཚོ་མཚོ་ཟས་ཟ་རྒྱུར་མ་གོམས་པ་ཤེས་པས་ཆེད་མངགས་འཇུ་བདེ་བའི་ཟས་རིགས་གྲ་སྒྲིག་བྱས་པ་མ་ཟད། ད་དུང་བདེ་འཇགས་ཞིབ་བཤེར་བྱེད་སྐབས་ང་ཚོའི་རྡོག་ཁྲེས་འཁྱེར་རོགས་བྱས་བྱུང་། ང་ཚོར་ས་ཆུ་མི་འཕྲོད་པ་དང་གཟུགས་པོ་མི་བདེ་བའི་གནས་ཚུལ་ཐོན་སྐབས་སྨན་ཉོ་རོགས་བྱས་ཏེ་སྨན་གཏོང་སྟངས་ཀྱང་མངགས་བྱ་བྱས་བྱུང་། འདི་གར་འཚོ་བ་སྐྱེལ་དུས་མི་རིགས་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བའི་སེམས་ཤུགས་ངས་དངོས་འབྲེལ་ཚོར་གྱི་འདུག ང་དངོས་གནས་སྐྱིད་པོ་འདུག”ཅེས་རིག་གནས་ཐང་ཆེན་དུ་ཉི་མ་སྲོ་བཞིན་པའི་སྤོ་བོ་ཀྲའོ་ཧྥུའུ་མིང་གིས་འཛུམ་མདངས་འཕྱུར་བཞིན་བཤད།
     དབང་ཕྱུག་གིས“ལོ་ལྟར་ང་ཚོས་བྱེད་སྒོ་དེ་རིགས་སྒྲིག་འཛུགས་བྱས་ནས་རྒན་རྒོན་རྣམས་ལུས་བདེ་སེམས་སྐྱིད་ཡོང་བ་བྱེད་ཀྱི་ཡོད། དགའ་འོས་པ་ཞིག་ལ་རྒན་རྒོན་ཚོའི་ཕྱིར་སྐྱོད་འགྲོ་གྲོན་ཚང་མ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་དང་དཔལ་འབྱོར་ཆ་རྐྱེན་ལེགས་པའི་ན་གཞོན་ཚོས་རང་འགུལ་ཞལ་འདེབས་བརྒྱབ་པ་ཤ་སྟག་རེད། གཞོན་ནུ་དེ་ཚོས“ཕན་ཏིལ་འབྲུ་ཙམ་བཏགས་ཀྱང་དྲིན་ལན་རི་བོ་བཞིན་འཇལ་བའི”གནས་ལུགས་ཤེས་ཏེ་ཚང་མས་གྲོང་ཚོའི་ནང་གི་ལོ་ན་མཐོ་བའི་རྒན་རྒོན་རྣམས་རང་ཉིད་ཀྱི་ཕ་མར་བརྩིས་ནས་བསྙེན་བཀུར་བྱེད་ཀྱི་ཡོད། གྲོང་ཚོ་ཡང་དེ་སྔའི་དབུལ་ཞིང་ཕོངས་པ་ནས་ད་ཆའི་དཔལ་འབྱོར་འབྱོར་ཕྱུག་དང་མི་གྲངས་འཕར་བའི་བར་རྒན་རབས་ཚོས་ལེགས་སྐྱེས་ཧ་ཅང་མང་པོ་ཕུལ་ཡོད་པས་ཁོང་ཚོ་ཚེ་མཇུག་སྐྱིད་པོ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས”ཞེས་བཤད།
     དོན་དངོས་ཐོག་ཧོ་ལི་སི་གོང་མ་གྲོང་ཚོར་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་དོད་པའི་དཔེ་མཚོན་བགྲང་གིས་མི་ལང་བ་ཡོད། གྲོང་མི་ཡེ་ཤེས་བཟང་པོ་ནི་གྲོང་ཚོའི་བོད་རིགས་སྨན་པ་ཞིག་ཡིན་ལ་ཁོང་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ལས་གནས་ཐོག་སྐད་གྲགས་མེད་པར་འབད་བརྩོན་བྱེད་ཀྱི་ཡོད། ཁོང་གིས“ང་རང་ཟླ་རེ་བཞིན་ཁེར་སྡོད་རྒན་རྒོན་དང་དེ་བཞིན་ཁྲག་ཤེད་མཐོ་བ་དང་ཁྲག་གི་མངར་ཆ་མཐོ་བ། གཅོང་ནད་ཡོད་པའི་ནད་པའི་ཁྱིམ་དུ་བསྐྱོད་དེ་ཁོང་ཚོའི་ཁྲག་ཤེད་དང་ཁྲག་གི་མངར་ཆར་ལྟ་བ་དང་སྨན་གཏོང་སྟངས་མཛུབ་ཁྲིད་བྱེད་པའམ་ཡང་ན་འགྲོ་སྐྱོད་མི་བདེ་བ་དང་དུས་ཡུན་རིང་པོ་ཉལ་སར་ལུས་པའི་རྒན་རྒོན་ལ་བདེ་ཐང་གི་ལྟ་ཞིབ་ཚད་ལེན་བྱེད་པར་འགྲོ་གི་ཡོད”ཅེས་བཤད།
     ཡེ་ཤེས་བཟང་པོས་རང་ཉིད་བོད་རིགས་ཡིན་པས་རྒྱ་རིགས་མང་ཚོགས་ལ་ནད་ལྟ་སྐབས་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཕྲད་ཀྱི་འདུག དང་ཐོག་ཁོང་ཚོ་དང་ལག་བརྡ་བྱས་ནས་ནད་ལྟ་བ་དང་སྨན་བཅོས་བྱེད་དགོས་ཞེས་དེ་སྔའི་སྐོར་གླེང་། ལོ་མང་རང་སྦྱོང་བྱས་པས་ད་ཆ་ཁོང་གིས་རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་ཐུབ་པ་མ་ཟད་ཡུལ་སྲོལ་གོམས་གཤིས་ཀྱང་ཤེས། ཞིང་འབྲོག་པའི་དགའ་ཕྱོགས་དང་དགོས་མཁོར་གཞིགས་ཏེ་ཁོང་ཚོར་བོད་སྨན་སྤྲད་ནས་གྲོང་ཚོའི་ནང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་དང་། ཁོང་ཚོའི་བདེ་ཐང་འགན་ལེན་བྱ་ཆེད་རང་གི་ནུས་ཤུགས་སྐྱེས་སུ་ཕུལ།
     དབང་ཕྱུག་གིས་ངོ་སྤྲོད་བྱས་པ་ལྟར་ན། གྲོང་ཚོ་རིམ་པའི་དོ་དམ་ཚད་ལྡན་དུ་གཏོང་ཆེད། ཧོ་ལི་སི་གོང་མ་གྲོང་ཚོས་ད་དུང་གྲོང་ཚོ་ཧྲིལ་པོར་ཁྱབ་པའི་དྲ་མིག་ཅན་གྱི་དུད་ཚང་གི་ཡིག་ཚགས་བཟོས་ནས་དྲ་མིག་ཅན་གྱི་དོ་དམ་ཞིབ་ཚགས་ཅན་གྱི་ཞབས་ཞུ་བྱས་པ་དང་། དྲ་མིག་ཆུང་ངུ་རེ་བྱས་ཏེ་ཐོན་སྐྱེད་ཐད་ཕན་ཚུན་རོགས་རེས་དང་། འཚོ་བར་རོགས་རམ། ཁྱིམ་མཚེས་ཕན་ཚུན་ལྟ་སྐྱོང་། ཆ་འཕྲིན་མཉམ་སྤྱོད། འགལ་བ་མཉམ་འདུམ། བདེ་འཇགས་མཉམ་འགོག ཁོར་ཡུག་ལྟ་སྲུང་བཅས་ཀྱི“ཕྱོགས་བདུན”གྱི་མཉམ་འགུལ་བཅོས་སྐྱོང་གི་རྣམ་པ་བཏོད་ཡོད་པ་རེད།
     དེ་དང་ཆབས་ཅིག་ད་དུང“དུད་ཚང་བཅུ་རེར་འཐུས་མི་རེ”ཡི“དྲ་མིག་ཅན་གྱི་དོ་དམ་པའི”དཔུང་ཁག་འཛུགས་སྐྱོང་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་ཞིང་ཁ་དང་། ཁྱིམ་མཚེས། རྩྭ་ས་སོགས་ཀྱི་རྩོད་གཞི་སྣ་ཚོགས་ཐག་གཅོད་བྱས་པས། དོན་ཆེན་གྲོང་ཚོ་ནས་ཐག་གཅོད་དང་དོན་ཆུང་སྡེ་ཁུལ་ནས་ཐག་གཅོད་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ད་ཆ་གྲོང་མིའི་དབར་གྱི་འགལ་བ་ཉུང་དུ་ཕྱིན་ནས་གྲོང་ཚོ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྡོག་རྩ་གཅིག་སྒྲིལ་བྱུང་སྟེ་བདེ་སྐྱིད་ཚོར་སྣང་དང་བློ་ཡིད་ཚིམ་ཚད་རིམ་གྱིས་ཆེ་རུ་སོང་ཞིང་། ཧོ་ལི་སི་གོང་མ་གྲོང་ཚོར་ཤེས་དཔལ་དང་མཐུན་སྒྲིལ་གྱི་རྩ་བ་ཚུགས་ཤིང་ལོ་འདབ་རབ་ཏུ་རྒྱས།
     མི་རིགས་མཐུན་སྒྲིལ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་དང་འགན་ལེན་གལ་ཆེན་ཞིག་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གསེར་གྱི་ལྡེ་མིག་ལྟ་བུ་རེད། དབང་ཕྱུག་གིས“ཧོ་ལི་སི་གོང་མ་གྲོང་ཚོར་རིག་གནས་བར་ཁྱམས་དང་། རིག་གནས་ཐང་ཆེན། ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སོགས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་མ་ཟད། ད་དུང་ཞིང་པའི་སྒོ་ར་བསྐྲུན་ནས་གྲོང་ཚོར་ལྗང་སྒྱུར་དང་། གཙང་སྒྱུར། མཛེས་སྒྱུར་བཅས་ཀྱང་བྱས་ཡོད། གྲོང་གསེབ་ཀྱི་དཔལ་འབྱོར་དར་རྒྱས་དང་གྲོང་ཚོའི་མཉམ་སྡེབ་ཐོན་ལས་སྟོབས་ཆེར་གཏོང་ཆེད། གྲོང་ཚོའི་ནང་བོད་ཀྱི་ཡུལ་ལུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད། ད་དུང་རྫོང་གྲོང་དུ་ཚོང་ཁང་ཉོས་ནས་གྲོང་མི་ཚོར་ཡོང་འབབ་བགོ་འགྲེམས་ཀྱང་བྱས་ཡོད། ད་ཆ་རྫོགས་ལྡན་ཡུལ་འདིར་སྤྲོ་སྐྱིད་ཀྱི་བསྐལ་པ་བཟང་པོ་ཤར་ཡོད”ཅེས་བརྗོད།