འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་གཞོན་ནུ་གཉིས་ཀྱིས་ཨ་ཅེ་ལྷ་མོར་བཅངས་པའི་ཕུགས་འདུན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་24ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
བསྟན་པ་ཕུན་ཚོགས།
བསྟན་པ་ཕུན་ཚོགས།
   རང་ལོ་13ལས་མ་སོན་པའི་བསྟན་པ་ཕུན་ཚོགས་ཀྱིས་གར་སྟེགས་ཀྱི་དཀྱིལ་དུ་ལངས་ནས་ལྷ་ཨ་ཅེ་ལྷ་མོའི་རྟ་དབྱངས་སྙན་མོ་རིང་འབྲིང་ཅི་ཡང་བླངས་པར། གཟིགས་མོ་བས་དགའ་བསུ་ཡང་ནས་ཡང་དུ་ཞུས། 
   བོད་ཀྱི་ལོ་གསར་རིང་། བོད་ལྗོངས་ཀྱི་ས་གནས་ཁག་གི་ལྷ་མོ་འཁྲབ་སྟོན་ཚོགས་པས་ཕུལ་དུ་བྱུང་བའི་འཁྲབ་སྟོན་པ་བདམས་གསེས་བྱས་ནས། པོ་ཏ་ལའི་རྫོང་རྒྱབ་ཀླུ་ཁང་དུ་འཁྲབ་སྟོན་བྱེད་པར་མངགས། དེ་ནི་མང་ཚོགས་ཀྱི་རིག་གནས་རོལ་རྩེད་ཀྱི་འཚོ་བའི་དགོས་མཁོ་བསྐོང་བ་ཡིན་ལ། ལྷ་མོ་ཚོགས་པ་ཁག་གི་འགྲན་བསྡུར་ཞིག་ཀྱང་རེད། དེང་སྐབས་བོད་ཀྱི་རིག་གནས་རོལ་རྩེད་བྱེད་སྒོ་ཉིན་རེ་བཞིན་ཕུན་སུམས་ཚོགས་སུ་འགྲོ་བཞིན་ཡོད་མོད་ཀྱང་ཨ་ཅེ་ལྷ་མོའི་འཁྲབ་སྟོན་ནི་བོད་ཀྱི་ལོ་གསར་རིང་གི་རིག་གནས་རོལ་རྩེད་བྱེད་སྒོའི་དོན་ཆེན་ཞིག་རེད། 
   ཨ་ཅེ་ལྷ་མོའི་འཁྲབ་སྟོན་ནི་གཞས་མ་གཏམ་དང་། བྲོ་འཆམ། བྲོ་གར། རྩོམ་རིག་སོགས་གཞི་གཅིག་ཅན་ཡིན་ཞིང་། དེར་ལོ་ངོ་600ལྷག་གི་ལོ་རྒྱུས་ལྡན་པ་དང་། བོད་ཀྱི་རིག་གནས་ཀྱི་"འགྱུར་རྡོ་གསོན་པོ་"ཞེས་སུ་བསྒྲགས། བསྟན་པ་ཕུན་ཚོགས་ཡོད་སའི་ལྷ་མོའི་རུ་ཁག་ནི་ལོ་ངོ་100ཡི་གོང་དུ་བཙུགས་པ་དང་། 2009ལོར། ཨ་ཅེ་ལྷ་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་མིང་ཐོར་བཀོད་པ་རེད། 
   བསྟན་པ་ཕུན་ཚོགས་ཀྱི་ཕ་ཡུལ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མོ་གྲོང་གསར་དར་གྲོང་ཚོ་རེད། ཨ་ཕས་བསྟན་པ་ཕུན་ཚོགས་《འགྲོ་བ་བཟང་མོ་》བལྟ་བར་ཁྲིད་སྐབས་ནས། ཨ་ཅེ་ལྷ་མོའི་རྟ་དབྱངས་དང་རྟ་དབྱངས་ལེན་པའི་རྣམ་འགྱུར་ཅི་རིགས་ཀྱིས་ཁོང་ཉིད་ཡིད་དབང་རབ་ཏུ་བཀུག བསྟན་པ་ཕུན་ཚོགས་ཀྱིས་“སྐབས་དེར། ང་ཡང་རྒྱན་གོས་དེ་འདྲ་གྱོན་ནས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་སྐལ་བྱུང་ན་ཨང་སྙམ་པ་ཡོང་གི་ཡོད་”ཟེར། 
   དེའི་དུས་ཀྱི་ལྷ་མོའི་འཁྲབ་སྟོན་ལ་བལྟས་རྗེས། བསྟན་པ་ཕུན་ཚོགས་ཨ་ཅེ་ལྷ་མོ་དང་ལས་འཕྲོ་ཟབ་མོ་བྱུང་། དེའི་རྗེས་སུ། ཁོང་ལ་ཁོམ་པ་བྱུང་ན་འཁྲབ་སྟོན་ཚོགས་པའི་སར་འཁྲབ་སྟོན་སྦྱོང་བརྡར་ལ་བལྟ་བར་འགྲོ་བ་རེད། ལོ་9རུ་ལོན་དུས་ཀྱི་ཉིན་ཞིག་ལ་ཁོང་རང་དུས་རྒྱུན་ལྟར་ལྷ་མོའི་འཁྲབ་སྟོན་ཚོགས་པའི་སར་ཕྱིན་ནས་འཁྲབ་སྟོན་སྦྱོང་བརྡར་ལ་བལྟ་སྐབས། དགེ་རྒན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཁོ་པའང་མཉམ་དུ་སྦྱོང་བརྡ་བྱེར་པར་འབོད། 
   བསྟན་པ་ཕུན་ཚོགས་འཚབ་འཚུབ་དང་དགའ་སྤྲོའི་ངང་ནས་ཚོད་ལྟ་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་པས་བྱང་ཆ་དོད་པོའི་ངང་འཁྲབ་སྟོན་པ་ཚོའི་རྗེས་ཆོད་པ་རེད། དུས་དེ་ནས་བཟུང་། བསྟན་པ་ཕུན་ཚོགས་ཀྱིས་ཚེ་རིང་བཀྲ་ཤིས་ལགས་དགེ་རྒན་དུ་བཀུར་བ་ནས་བཟུང་། ལྷ་མོའི་འཁྲབ་སྟོན་གྱི་དགེ་ཕྲུག་ངོ་མར་གྱུར་པ་རེད། 
   བསྟན་པ་ཕུན་ཚོགས་ད་ལྟ་མོ་གྲོང་ལྟེ་བའི་སློབ་ཆུང་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་ལོ་རིམ་དྲུག་པ་རེད། ཁོ་པ་ལྷ་མོའི་ཚོགས་པར་ལྷ་མོ་འཁྲབ་སྦྱོང་བྱེད་པའི་གནས་ཚུལ་སློབ་གྲྭར་ཁྱབ་རྗེས། དགེ་སློབ་ཚང་མས་དགའ་པོ་བྱེད་པ་དང་། བསྟན་པ་ཕུན་ཚོགས་ཀྱི་སློབ་སྦྱོང་ནི་འཛིན་གྲྭའི་ནང་གི་ཨང་རིམ་མདུན་གྲལ་དུ་སླེབས་ཡོད་ཅིང་། སློབ་སྦྱོང་གི་ལས་འགན་ལྕི་རུ་སོང་བ་དང་བསྟུན་ནས། ཁོ་པས་ལོ་རེར་དབྱར་དགུན་གྱི་གུང་གསེང་དང་བསྟུན་ནས་ལྷ་མོ་འཁྲབ་སྦྱོང་བཞིན་ཡོད་པ་དང་། གུང་སེང་གི་སྐབས་སུ། ཉིན་ལྟར་ལྷ་མོ་འཁྲབ་སྟོན་ཚོགས་པར་ཆུ་ཚོད་6ཙམ་རིང་སྦྱོང་བརྡར་བྱེད་ཀྱི་ཡོད། མཚམས་རེ་ཁྱིམ་དུ་ལོག་ནས་རང་ཉིད་གཅིག་པུར་མུ་མཐུད་སྦྱོང་བརྡར་བྱེད་ཀྱི་ཡོད། 
   ལྷ་མོའི་འཁྲབ་སྟོན་ཚོགས་པའི་འགན་ཁུར་བ་བསྟན་པ་དར་རྒྱས་ཀྱིས་“ད་ལྟ་ན་གཞོན་ཚོས་ཨ་ཅེ་ལྷ་མོ་སྦྱོང་འདོད་བྱེད་པས་ང་ཚོ་དགའ་ཚོར་ཆེན་པོ་ཡོང་གི་འདུག་” ཅེས་ཟེར། བསྟན་པ་ཕུན་ཚོགས་ལྷ་མོའི་འཁྲབ་སྟོན་ཚོགས་པར་ཞུགས་པས་གསོན་ཤུགས་གསར་པ་བསྣན་ཡོད་ལ། ཁོ་པ་ལྷན་སྐྱེས་ཀྱི་རིག་པའང་བཀྲ་བས་སྦྱང་མ་ཐག་ཤེས་མགྱོགས་པོ་ཡོད། 
   བསྟན་པ་ཕུན་ཚོགས་ཀྱིས། “ཕྱིས་སུ་ངས་ལྷ་མོ་ཚོགས་པ་ཞིག་བཙུགས་ནས། མི་མང་པོར་ལྷ་མོའི་འཁྲབ་སྟོན་འཁྲིད་རྒྱུ་ཡིན་”ཞེས་དང་། ལྷ་མོའི་འཁྲབ་སྟོན་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤིག་རེད། རང་ཉིད་ལའང་ལྷ་མོ་འཁྲབ་སྟོན་རྒྱུད་འཛིན་བྱེད་པའི་འོས་འགན་ཡོད་ལ། མི་དེ་བས་མང་པོས་ལྷ་མོ་འཁྲབ་སྟོན་ལ་ཆ་རྒྱུས་ཡོད་ཅིང་ལྷ་མོའི་འཁྲབ་སྟོན་ལ་དགའ་པོ་ཡོང་བར་བྱ་རྒྱུ་ཡིན་ཟེར། 
   བསྟན་པ་ཕུན་ཚོགས་དང་འདྲ་བར་ལྷ་མོའི་འཁྲབ་སྟོན་གྱི་ཕུགས་འདུན་ཡོད་མཁན་ད་དུང་ན་གཞོན་ཞིག་ཡོད། 
   རང་ལོ་15རུ་སོན་པའི་བསྟན་འཛིན་ནོར་བུས་ལོ་བཞིའི་གོང་ནས་ལྷ་མོའི་འཁྲབ་སྟོན་ཚོགས་པ་ཞིག་བཙུགས་ཡོད། ལྷ་མོ་ཚོགས་པ་དེའི་མིང་ལ་“འདུན་པ་ཆེ་བའི་ལྷ་མོ་ཚོགས་པ་” ཟེར།
   ལོ་གསར་རིང་། བསྟན་འཛིན་ནོར་བུའི་ཨ་ཁུ་བློ་བཟང་བཀྲ་ཤིས་ཀྱིས་ནང་མི་ཡོངས་ལ་ལྷ་མོ་འཁྲབ་སྟོན་བྱས་པ་དང་། ཨ་ཁུའི་འཁྲབ་སྟོན་གྱིས་བསྟན་འཛིན་ནོར་བུ་ལྷ་མོ་འཁྲབ་པར་དགའ་མོས་ཆེན་པོ་བྱུང་བ་རེད། 
“ད་ཆ། སློབ་གྲོགས་མང་པོ་ཞིག་དར་སྲོལ་ཆེ་བའི་རིག་གནས་ལ་དགའ་པོ་བྱེད་བཞིན་ཡོད། ལྷ་མོའི་འཁྲབ་སྟོན་ལ་དགའ་པོ་ཡོད་མཁན་ཚོར་ངས་གར་སྟེགས་ཤིག་བསྐྲུན་ཡོད་”ཅེས་ཟེར། 
   བསྟན་འཛིན་ནོར་བུའི་ལྷ་མོ་འཁྲབ་སྟོན་ཚོགས་པར་དང་ཐོག་མི་10ལས་བསྡུས་མེད། དེའི་ཁྲོད་ཁོང་ནི་ལོ་ཆུང་ཤོས་ཡིན་པ་རེད། གཞན་གྱི་སྦྱོང་བརྡར་ཁང་གཡར་ནས་སྦྱོང་བརྡར་བྱེད་དགོས་པས། གཟའ་སྤེན་པའི་སྔ་དྲོའི་ཆུ་ཚོད་བཅུ་པ་ནས་ཕྱི་དྲོའི་ཆུ་ཚོད་དྲུག་པ་བར་བེད་སྤྱོད་པ་རེད། “ང་ཚོས་དངུལ་བསྡུས་ནས་འོད་སྡེར་ཉོས་ཏེ་བརྙན་ལམ་ནང་གི་ལྷ་མོའི་གར་སྟབས་ཀྱི་ལད་མོ་བྱས་ནས་སྦྱོང་གི་ཡོད་”ཟེར། 
   བསྟན་འཛིན་ནོར་བུའི་ལྷ་མོ་འཁྲབ་སྟོན་ཚོགས་པ་ལོ་བཞི་ལྷག་ཙམ་རིང་འཕེལ་རྒྱས་བཏང་བ་བརྒྱུད། ད་ལྟར་ཁོངས་མི་24ཡོད་པ་དང་། ཆུང་ཤོས་རང་ལོ་12ཡིན་པ་དང་། ལོ་ཆེས་ཤོས་དེ་སློབ་ཆེན་འགྲིམས་བཞིན་ཡོད། 
   བསྟན་འཛིན་ནོར་བུའི་དགེ་རྒན་བསྟན་འཛིན་ཡེ་ཤེས་ཀྱིས་“ལྷ་མོ་འཁྲབ་སྟོན་ལ་བརྩོན་པ་ཆེ་ཞིང་དགའ་མོས་ཡོད་མཁན་ལོ་ཆུང་ཧ་ཅང་དཀོན་པོ་རེད་”ཅེས་ཟེར། རང་ཉིད་ཀྱི་ཕུགས་འདུན་རྒྱུན་འཁྱོངས་ཐུབ་རྒྱུ་ནི་སུ་ཞིག་ལ་མཚོན་ནའང་ལས་སླ་པོ་མ་རེད། ཁོ་ཚོར་རང་ཉིད་མོས་པའི་མཁས་དབང་དང་འཕྲད་ནས། རང་རྩལ་ངོམས་པའི་སྟེགས་བུ་རྙེད་དེ་རང་ཉིད་ཀྱི་ལྷ་མོའི་ཕུགས་འདུན་མངོན་འགྱུར་ཐུབ་པའི་རེ་བ་ཡོད།  
བསྟན་འཛིན་ནོར་བུ།
བསྟན་འཛིན་ནོར་བུ།