འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་22ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སུ་ཁོའི་ཁེ་ལི་མུའུ་ལིན་ ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཁྱབ་ཁོངས་ཆེན་པོའི་གྲོས་མོལ་གནང་བ་རེད། 
     ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་ཨུའི་འབྲེལ་བ་ནི་དབྱར་མཚོ་རྒྱས་པ་ལྟ་བུ་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་གཉིས་པོ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། ཁེ་ཕན་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་། དཔལ་འབྱོར་ཚོང་དོན་དང་། མ་འཇོག ནུས་ཁུངས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། ཁ་སང་དགོང་མོ་དང་དེ་རིང་སྔ་དྲོར། ང་དང་ཙུང་ཐུང་ཕུའུ་ཅིང་དང་ཙུང་ལི་སྨི་ཧྲུའུ་སི་ཅིན་བར་སྤེལ་རེས་ཧ་ཅང་ཡག་པོ་བྱས་ནས་ངོས་འཛིན་གཅིག་མཐུན་གལ་ཆེན་མང་པོ་བྱུང་། ཕྱོགས་གཉིས་པོའི་མཉམ་ལས་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་འགྲོ་བ་དང་། ངོས་འཛིན་གཅིག་མཐུན་ལ་སྔར་བས་ཤུགས་སྣོན་བྱུང་བ། མཉམ་ལས་ཀྱི་ཐོག་མའི་ཕན་འབྲས་མངོན་གསལ་བྱུང་ཡོད་པ་དང་མཉམ་ལས་དེ་བས་མང་བ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད།
     ད་ལོ་ནི་ཀྲུང་གོས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཡིན་པས། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཀྱང་2030ལོའི་གོང་གི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་འབེན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་པོས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ལས་དམ་ཟབ་བྱས་ནས། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ངས་ཁྱེད་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས་ཐད་འཆར་འགོད་བཀོད་སྒྲིག་བྱས་ནས། རྒྱལ་ཁབ་གཉིས་པོ་སོ་སོར་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།