འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ཨུའི་གཙོ་བདག་གིས་མཉམ་འབྲེལ་གསལ་བསྒྲཊ་འདི་ལ་མིང་རྟགས་བཀོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་22ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ《དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་བྱས་པ་རེད། 
     ཡུག་རེན་གྱི་གནད་དོན་ཐད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
     ཡུག་རེན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་དྲང་གཞག་གི་ལངས་ཕྱོགས་ལ་ཨུ་རུ་སུ་ཕྱོགས་ཀྱིས་གདེང་འཇོག་གང་ལེགས་བྱས། རྒྱལ་ཁབ་བམ་ཡང་ན་རྒྱལ་ཁབ་ཀྱི་ཚོགས་པ་གང་ཞིག་གིས་དམག་དོན་དང་། ཆབ་སྲིད། དགེ་མཚན་གཞན་དག་བཅས་རག་ཐབས་བྱེད་ཆེད། རྒྱལ་ཁབ་གཞན་དག་གི་ལུགས་དང་མཐུན་པའི་བདེ་འཇགས་ཁེ་ཕན་ལ་གནོད་འཚེ་གཏོང་བར་ཕྱོགས་གཉིས་ཀས་ངོ་རྒོལ་བྱ་རྒྱུ། ཨུ་རུ་སུ་ཕྱོགས་ཀྱིས་ཞི་བའི་གྲོས་མོལ་གང་མགྱོགས་བྱ་རྒྱུའི་བསྐྱར་བསྒྲགས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ཕྱི་འབྲེལ་ཐབས་ལམ་བརྒྱུད་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་དང་། 《ཆབ་སྲིད་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཞེས་པའི་ཡིག་ཆའི་ནང་རྒྱས་བཤད་བྱས་པའི་དགེ་མཚན་ལྡན་པའི་འདོད་ཚུལ་ལ་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་ངེས་པར་དུ་རྒྱལ་ཁབ་ཁག་གི་ལུགས་མཐུན་བདེ་འཇགས་ཀྱི་དོ་ཁུར་ལ་བརྩི་འཇོག་བྱེད་དགོས་པ་མ་ཟད། དཔུང་སྡེ་ཁ་གཏད་དུ་ལངས་རྒྱུ་དང་མེ་ཐོག་སྣུམ་བླུགས་རྒྱུ་སྔོན་འགོག་བྱེད་དགོས་ཞེས་གསུངས་པ་རེད། ཕྱོགས་གཉིས་པོས་འགན་འཁུར་བའི་སྐད་ཆ་ཤོད་རེས་ནི་གནད་དོན་བརྟན་པོའི་ངང་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབྲེལ་ཡོད་དགེ་མཚན་ལྡན་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་པོས་དུས་བབ་ཛ་དྲག་ཏུ་གཏོང་བ་དང་དམག་འཁྲུག་ཡུན་བསྲིངས་བའི་བྱེད་སྤྱོད་མཐའ་དག་མཚམས་འཇོག་བྱས་ནས། ཉམས་ཉེན་སྔར་ལས་ཇེ་སྡུག་ཏུ་འགྲོ་བ་དང་ཐ་ན་ཚོད་འཛིན་བྱེད་ཐབས་བྲལ་བར་འགྱུར་བར་གཡོལ་དགོས་པའི་འབོད་སྐུལ་གནང་བ་རེད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབང་ཆ་སྤྲད་མེད་པའི་ཕྱོགས་རྐྱང་པའི་བཀག་སྡོམ་གང་རུང་ལ་ངོ་རྒོལ་བྱ་རྒྱུ་ཡིན།