འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་རུ་སུའི་སྨྱན་སྦྱོར་ཐོག་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་22ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་20ཉིན་མོ་སི་ཁོར་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཤིང་། 《ཨུ་རུ་སུའི་ཚགས་པར》དང་ཨུ་རུ་སུའི་གསར་འགྱུར་ཁང་གི་དྲ་ཚིགས་ཐོག《སེམས་ཤུགས་ཆེན་པོས་མདུན་སྐྱོད་བྱས་ཏེ་ཀྲུང་ཨུའི་མཛའ་མཐུན་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་སྤེལ་གནང་ཞིང་། རྩོམ་ཡིག་གི་ནང་དོན་གནད་བསྡུས་གཤམ་གསལ་ཏེ།
     ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་ངས་མི་རིང་བར་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་བྱེད་ཀྱི་ཡིན། ལོ་10ཡི་གོང་ང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་རྗེས་ཨུ་རུ་སུ་ནི་ངས་འཚམས་འདྲིར་བསྐྱོད་པའི་རྒྱལ་ཁབ་དང་པོ་དེ་ཡིན། ལོ་10ཡི་རིང་ངས་ཨུ་རུ་སུར་འཚམས་འདྲིར་ཐེངས་8བསྐྱོད་པ་དང་སྐྱོད་རིམ་བཞིན་སྤྲོ་བ་འབུམ་གྱིས་བརྟས་བཞིན་ཡོད་ལ། རྒྱལ་ཁའི་ངང་ལོག་པ་དང་། ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ་ཀྲུང་ཨུའི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད།
    ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པ་དང་། གཉིས་ཀ་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཙོ་བོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་རེད། རྒྱལ་ཁབ་གཉིས་པོས་རང་ཚུགས་རང་བརྟེན་གྱི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་བསྟར་བ་དང་ཀྲུང་ཨུའི་འབྲེལ་བ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བཞག་ཡོད།
    ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ལོ་རྒྱུས་ཀྱི་གཏན་ཚིགས་གསལ་པོ་དང་ནང་སྐྱེས་སྒུལ་ཤུགས་ཆེན་པོ་ལྡན་ཡོད། ལོ་10ཡི་རིང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་གོམ་སྟབས་ཆེན་པོས་དུས་རབས་གསར་པར་བསྐྱོད་ཡོད།
    —— མཐོ་རིམ་འགྲོ་འོང་ཐད་འཐབ་ཇུས་ཀྱི་ཁྲིད་སྟོན་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཐོ་རིམ་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལམ་སྲོལ་ཆ་ཚང་ཞིག་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་ལེན་གལ་ཆེན་བྱས་ཡོད།
    ལོ་འདི་དག་ནང་ང་དང་ཙུང་ཐུང་ཕུའུ་ཅིང་དབར་ལས་ཀའི་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་དང་རྒྱལ་སྤྱིའི་ཚོགས་རར་སྔ་རྗེས་སུ་ཞལ་འཛོམས་ཐེངས་40བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཆར་གཞི་བཀོད་པ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དུས་ཐོག་ཏུ་འབྲེལ་གཏུག་བྱས་ནས་དཔྱད་གཞི་བཟོས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁ་སྒྱུར་ཕྱོགས་སྟོན་བརྟན་པོ་བྱས་ཡོད།
    —— ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་རྣམ་པ་གསར་པ་བཏོད་ཡོད། ཀྲུང་ཨུ་ཕྱོགས་གཉིས་པོས་མི་རབས་ནས་མི་རབས་བར་མཛའ་མཐུན་དང་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་མནའ་འབྲེལ་མི་བྱེད་པ་དང་། ཁ་གཏད་དུ་མི་ལངས་པ། ཕྱོགས་གསུམ་པར་མི་དམིགས་པ་བཅས་མཐའ་འཁྱོངས་ཀྱིས། རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བརྟན་པོ་དང་ཕན་ཚུན་འཕེལ་རྒྱས་དང་དར་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཁྲོད་དེ་བས་འཐུས་སྒོ་ཚང་པོ་དང་འགྱུར་བ་མེད་པའི་ཕྱོགས་སུ་བསྐྱོད་དེ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་འཕེལ་ནས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས་། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་ཡོད།
    —— ཕྱོགས་གཉིས་དབར་ཕྱོགས་ཡོངས་དང་རིམ་པ་མང་བའི་མཉམ་ལས་ཀྱི་བཀོད་པ་ཞིག་ཆགས་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ན་ནིང་ཀྲུང་ཨུ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་1900ལྷག་ཟིན་པ་དེ་ལོ་བཅུའི་གོང་ལས་116%འཕར་ནས་ཀྲུང་གོ་ལོ་13བསྟུད་མར་ཨུ་རུ་སུའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་དང་པོར་གྱུར་ཡོད། རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་ཀྱི་མ་རྩ་གཏོང་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ནུས་རྒྱུ་དང་། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཆེན་པོའི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་ཐེབས་པ། ཚན་རྩལ་གསར་གཏོད་དང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་ཕྱོགས་བཟང་བ། ས་གནས་ཀྱི་མཉམ་ལས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ལ་ཕན་པ་དངོས་ཐོབ་ཡོད་ལ། ཕྱོགས་གཉིས་པོའི་རང་ངོས་འཕེལ་རྒྱས་དང་དར་རྒྱས་ཆེད་རྒྱུན་ཆད་མེད་པར་སྒུལ་ཤུགས་མཁོ་འདོན་ཡང་བྱས་ཡོད།
    —— ཕྱོགས་གཉིས་པོས་མི་རབས་ནས་མི་རབས་མཛའ་མཐུན་གྱི་འདུ་ཤེས་ལག་ལེན་བསྟར་བས་སྲོལ་རྒྱུན་གྱི་མཛའ་གྲོགས་ལོ་རྒྱུས་རིང་ལ་བརྟན་པོ་ཡོད། ཕྱོགས་གཉིས་པོས《ཀྲུང་ཨུའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་ལས་སྲོལ་ཡིག》ལ་མིང་རྟགས་བཀོད་ནས་ལོ་20འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཤིང་། ང་དང་ཙུང་ཐུང་ཕུའུ་ཅིང་གིས《སྲོལ་ཡིག》དུས་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད། ཕྱོགས་གཉིས་པོས་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་བརྗོད་དོན་གཙོ་བོའི་ལོའི་བྱེད་སྒོ་8གཉེར་ནས་མཛའ་མཐུན་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་བརྩམས་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ལྕག་སྐུལ་བྱས་ཏེ“དཀའ་སྡུག་ཁྲོད་ནས་ལྷད་མེད་བརྩེ་སེམས་ཚོར་བར”སླར་ཡང་དཔང་པོ་བྱས་ཡོད།
    —— ཕྱོགས་གཉིས་པོས་རྒྱལ་སྤྱིའི་གར་སྟེགས་སུ་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་རྒྱལ་སྤྱིའི་ཕྱོགས་མང་ལམ་སྲོལ་ནང་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱས་ཏེ་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་བར་ཐུན་མོང་ཐོག་གཞོལ་ནས་ཕྱོགས་མང་རིང་ལུགས་དངོས་ལག་ལེན་ཧུར་ཐག་བསྟར་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འབོད་སྐུལ་བྱས་ཡོད།
    ཀྲུང་ཨུའི་འབྲེལ་བ་དེ་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་ལོ་ངོ་70ལྷག་སོང་ཡོད། དེང་བལྟས་སྔ་དྲན་བྱེད་སྐབས་ད་ཆའི་ཀྲུང་ཨུའི་འབྲེལ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་ཀྲུང་ཨུའི་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པས། ངེས་པར་དུ་སྔར་བས་གཅེས་འཛིན་བྱེད་དགོས་ཚུལ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། ཀྲུང་ཨུའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ཐུབ་པའི་འགག་རྩ་ནི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་རྙེད་པ་དེ་ཡིན་པ་ལོ་རྒྱུས་དང་ལག་ལེན་གྱིས་ང་ཚོར་ཤེས་སུ་བཅུག་ཡོད། ངས་མི་རིང་བར་ཨུ་རུ་སུར་འཚམས་འདྲི་བྱེད་ཀྱི་ཡིན། དེ་ནི་མཛའ་གྲོགས་ཀྱི་འཚམས་འདྲི་དང་། མཉམ་ལས་ཀྱི་འཚམས་འདྲི། ཞི་བདེའི་འཚམས་འདྲི་བཅས་ཡིན། ངས་ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ་འབྱུང་འགྱུར་དུས་སྐབས་ཤིག་རིང་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འདུན་པ་གསར་པ་དང་། འཆར་གཞི་གསར་པ། བྱེད་ཐབས་གསར་པ་བཅས་ཐུན་མོང་ཐོག་འཆར་འགོད་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
    བྱ་བ་ལེགས་གྲུབ་ཐུབ་མིན་དེ། དཔྱིད་ཀྱི་དུས་ནས་འགོ་འཛུགས་དགོས། འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུའི་ཐོག་བློ་ཁ་གཅིག་མཐུན་ཡིན་པའི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མིའི་རིགས་ཀྱི་ཤེས་དཔལ་དང་ཡར་ཐོན་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པར་ང་ཚོས་རེ་སྒུག་བྱེད་པར་རྒྱུ་མཚན་ཡོད།