འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནའ་བོའི་གཞི་རྒྱུ་ཚོགས་པས་ལོ་ངོ་5100ཚུན་གྱི་མཚོ་བོད་ས་མཐོའི་མི་ཚོགས་ཀྱི་རིམ་འགྱུར་ལོ་རྒྱུས་ལ་ཞིབ་འཇུག་གསལ་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་21ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། “འཛམ་གླིང་ཡང་རྩེ”ཞེས་འབོད་པའི་མཚོ་བོད་ས་མཐོར་གྲང་ངར་ཆེ་ལ་གསོ་རླུང་དཀོན་པས་འཚོ་གནས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། དེང་རབས་ཀྱི་མི་རྣམས་མཚོ་བོད་ས་མཐོར་གཏན་སྡོད་ཇི་ལྟར་བྱས་པ་ཡིན་ནམ། ཡང་རྒྱུད་འཛིན་གྱི་རིམ་འགྱུར་གང་འདྲ་ཞིག་བརྒྱུད་ཡོད་དམ། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་མི་ཚོགས་ལ་དམིགས་བསལ་གྱི་རྒྱུད་འཛིན་གྲུབ་ཆ་ལོ་ངོ་5100ཡི་གོང་ནས་གྲུབ་ཟིན་པ་དང་དུས་མཚུངས་ལོ་ངོ་སྟོང་ཕྲག་རིང་མཚོ་བོད་ས་མཐོའི་གནའ་བོའི་མི་ཚོགས་ཀྱི་ནང་ཁུལ་དང་དེ་བཞིན་ཕྱི་ཕྱོགས་ས་ཁུལ་དང་སྤེལ་རེས་དང་མཉམ་འགུལ་ཟབ་མོ་ཡོད་པ་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་ཡོད།
     གོང་གསལ་གྱི་གྲུབ་འབྲས་དེ་དག་ནི་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཧྥུའུ་ཆའོ་མའེ་ཚོགས་པ་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་ཚན་རིག་ལྟེ་གནས། ནུབ་བྱང་སློབ་ཆེན་རིག་གནས་ཤུལ་བཞག་སློབ་གླིང་སོགས་ཀྱིས་མཉམ་དུ་སྤེལ་བའི་མཚོ་བོད་ས་མཐོའི་གནའ་བོའི་མི་ཚོགས་ལ་དམིགས་པའི་གཞི་ཁྱོན་ཆེ་ཞིང་རྒྱུད་རིམ་ལྡན་པའི་གནའ་བོའི་གཞི་རྒྱུ་ཚོགས་པས་ཞིབ་འཇུག་བྱས་ནས་བྱུང་བ་ཞིག་རེད། ཚེས་18ཉིན་གྱི་དྲ་ཐོག་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཚན་རིག་འཕེལ་རིམ》ཐོག་སྤེལ་བ་རེད།
     གནའ་རྫས་རྟོག་ཞིབ་པ་ཚོ་དང་མཉམ་ལས་བྱས་པ་བརྒྱུད། ཧྥུའུ་ཆའོ་མའེ་ཚོགས་པས་མཚོ་བོད་ས་མཐོའི་ས་ཁོངས་མི་འདྲ་བའི་གནའ་ཤུལ་30ཡི་ཁྲོད་ནས་མཚོ་བོད་ས་མཐོའི་གནའ་བོའི་མིའི་རིགས་ཁེར་རྐྱང་གི་ཉིང་རྡུལ་གཞི་རྒྱུ་ཁག་97གྲུབ་འབྲས་ཐོབ་པའི་ངང་བླངས་པ་དང་། དེའི་མ་དཔེ་མཚོ་བོད་ས་མཐོའི་ས་ཁམས་ཀྱི་ས་ཁོངས་ཧྲིལ་པོར་ཁྱབ་པ་དང་བལྟོས་མེད་ལོ་རབས་ནས་ད་བར་ལོ་ངོ་5100ནས་ལོ་ངོ་100བར་ཕྱིན་ཡོད་པ་རེད། དེ་ནི་ད་བར་མཚོ་བོད་ས་མཐོའི་མ་དཔེ་འཚོལ་བསྡུ་བྱེད་རྒྱ་ཆེ་ཤོས་དང་ས་གཤིས་ཁྱབ་རྒྱ་ཆེ་ཤོས་ཀྱི་གནའ་བོའི་གཞི་རྒྱུ་ཚོགས་པའི་ཞིབ་འཇུག་ཅིག་རེད།
     ད་ཆ་མཚོ་བོད་ས་མཐོར་རྒྱུན་སྡོད་བྱེད་མཁན་བོད་རིགས་གཙོ་བོ་ཡིན་པ་རེད། ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དེང་རབས་བོད་ཀྱི་མི་ཚོགས་ལ་དམིགས་བསལ་གྱི་རྒྱུད་འཛིན་གྲུབ་ཆ་དེ་ཉུང་མཐར་ཡང་ད་བར་ལོ་ངོ་5100ཡི་གོང་མཚོ་བོད་ས་མཐོའི་ས་ཁོངས་ཡོངས་ཀྱི་གནའ་བོའི་མི་ཚོགས་ཁྲོད་གནས་པ་མ་ཟད། རྒྱུད་འཛིན་ལ་རྒྱུན་མཐུད་རང་བཞིན་ཡང་ལྡན་པ་དང་། དེའི་ནང་ད་བར་ལོ་ངོ་5100སོང་བ་དང་རྫོང་རི་གནའ་ཤུལ་གྱི་མ་དཔེ་ཡོད་པ་ནི་མཚོ་བོད་ས་མཐོའི་དམིགས་བསལ་གྱི་རྒྱུད་འཛིན་གྲུབ་ཆ་ལྡན་པའི་ཆེས་གནའ་བོའི་དངོས་པོའི་བྱེ་བྲག་ཅིག་ཡིན་པ་ཤེས་རྟོགས་བྱུང་ཡོད།
     ཞིབ་འཇུག་འདིས་དམིགས་བསལ་གྱི་རྒྱུད་འཛིན་གྲུབ་ཆ་དེ་དག་གི་འབྱུང་ཁུངས་སྔར་བས་གསལ་སྟོན་བྱས་ཡོད། དེ་དག་ནི་རྒྱུད་འཛིན་གྲུབ་ཆ་མི་འདྲ་བ་གཉིས་མཉམ་འདྲེས་བྱས་ནས་གྲུབ་པ་དང་། དེའི་ཁྲོད་ཀྱི་80%ཡི་རྒྱུད་འཛིན་གྲུབ་ཆ་ནི་ཨེ་ཤ་ཡ་ཤར་མའི་བྱང་ཕྱོགས་ཀྱི་ལོ་ངོ་9500ནས་ལོ་ངོ་4000བར་གྱི་མི་ཚོགས་དང་འབྲེལ་བ་ཡོད་པ་དང་། 20%ཙམ་གྱི་རྒྱུད་འཛིན་གྲུབ་ཆ་ནི་ཤེས་རྟོགས་ཐུབ་མེད་པའི་གནའ་རབས་ཀྱི་མི་ཚོགས་ནས་བྱུང་བ་ཞིག་རེད། “གྲུབ་འབྲས་དེ་ལས་མཚོ་བོད་ས་མཐོའི་མི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ནི་རྡོ་ཆས་གསར་པའི་དུས་རབས་ཀྱི་ཨེ་ཤེ་ཡ་ཤར་མའི་བྱང་ཕྱོགས་ཀྱི་མི་ཚོགས་རྒྱ་བསྐྱེད་པ་དང་དེ་བཞིན་དེ་ལས་སྐུལ་བའི་མི་ཚོགས་གནས་སྤོ་མཉམ་འདྲེས་དང་འབྲེལ་བ་ཡོད་པ་གསལ་བཤད་བྱེད་ཐུབ”ཅེས་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཧྥུའུ་ཆའོ་མའེ་ཡིས་བཤད།
     རྒྱུད་འཛིན་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་ལས་མངོན་པར། ལོ་ངོ་700ཚུན་དུ་མཚོ་བོད་ས་མཐོའི་ནང་ཁུལ་གྱི་དུས་ཚོད་དང་ས་ཁོངས་མི་འདྲ་བའི་གནའ་བོའི་མི་ཚོགས་ཀྱི་རྒྱུད་འཛིན་གྲུབ་ཆར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། འགྱུར་ལྡོག་དེ་དག་ནི་སྔོན་ཆད་དེ་གར་གནས་པའི་སྔ་དུས་ཀྱི་ས་ཁོངས་རང་བཞིན་གྱི་ཆབ་སྲིད་དངོས་ཚན་དང་བོད་བཙན་པོའི་རྒྱལ་རབས་དར་རྒུད་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ཉེ་བའི་ལོ་ངོ་5000ལྷག་ཙམ་རིང་། ས་མཐོའི་གནའ་བོའི་མི་ཚོགས་ཁག་གཅིག་དང་ས་མཐོའི་ཕྱི་རོལ་གྱི་གནའ་བོའི་མི་ཚོགས་དབར་འབྲེལ་བ་དམ་ཟབ་ཡོད་པའི་ནང་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དང་ཨེ་ཤེ་ཡ་ཤར་མའི་ལྷོ་རྒྱུད་ཀྱི་གནའ་བོའི་མི་ཚོགས་དབར་གྱི་སྤེལ་རེས་སོགས་ཚུད་ཡོད། རྒྱུད་འཛིན་རིག་པའི་དཔང་རྟགས་དེ་དག་ལས་ས་མཐོའི་ཕྱི་ནང་གི་རྙོག་འཛིང་ཆེ་བའི་མི་ཚོགས་དབར་སྤེལ་རེས་ལོ་རྒྱུས་མངོན་པ་མ་ཟད། གནའ་རྫས་རྟོག་ཞིབ་ཞིབ་འཇུག་གིས་དངོས་པོའི་རིག་གནས་ཀྱི་ཐད་ནས་ཧི་མ་ལ་ཡ་བརྒལ་བའི་མཉམ་འགུལ་དང་ས་མཐོའི་དར་གོས་ལམ་བུའི་དོན་དངོས་དང་ཡང་གཅིག་མཚུངས་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།