འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་དང་ཁམ་ཕུ་ཁྲེས་མཚོ་ཐོག་མཉམ་འབྲེལ་དམག་སྦྱོང་ཐེངས་དང་པོ་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་20ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་3ཚེས་19ཉིན་གྱི་སྔ་དྲོར། ཀྲུང་གོ་དང་ཁམ་ཕུ་ཁྲེའི“ཅིན་ལུང་-2023”ཞེས་པའི་མཉམ་འབྲེལ་དམག་སྦྱོང་ལ་ཞུགས་པའི་ཀྲུང་གོ་ཕྱོགས་ཀྱི་དམག་སྦྱོང་ལ་ཞུགས་མཁན་ལྷོ་རྒྱུད་འཐབ་ཁུལ་མཚོ་དམག་གི་སྐམ་འབེབས་དམག་གྲུའི་ཉིང་ལག་རུ་ཁག་ཅིང་ཀང་ཧྲན་དམག་གྲུ་ཞིག་དང་ཁམ་ཕུ་ཁྲེའི་ཝང་ཅ་ཅུན་མཚོ་དམག་གི་སྐོར་གཡེང་དམག་གྲུ་གཉིས་ཁམ་ཕུ་ཁྲེའི་མཚོ་ཁོངས་སུ་མཚོ་ཐོག་མཐུན་སྦྱོར་ངང་མཚོ་སྐྱོད་དང་འཕྲིན་གཏོང་དམག་སྦྱོང་བྱས་པ་རེད།
   “ང་ནི་ཀྲུང་གོའི་མཚོ་དམག་ཅིང་ཀང་ཧྲན་དམག་གྲུ་ཡིན། ཁྱེད་ཚོའི་རྒྱལ་ཁབ་ཏུ་འཚམས་འདྲིར་བསྐྱོད་པ་དང་། ཁྱེད་ཅག་དང་མཉམ་དུ་དམག་སྦྱོང་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ”“ང་ནི་ཁམ་ཕུ་ཁྲེའི་མཚོ་དམག་སྐོར་གཡེང་དམག་གྲུ་ཨང་1134སྐོར་གཡེང་དམག་གྲུ་ཡིན། ཀྲུང་གོའི་མཚོ་དམག་ཅིང་ཀང་ཧྲན་དམག་གྲུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ” ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་7པ་ཙམ་ལ། ཆུ་ཚོད་100ཙམ་དང་སྤྱི་ལེ་1300ཙམ་གྱི་མཚོ་འགྲུལ་བྱས་པ་བརྒྱུད། ཁམ་ཕུ་ཁྲེའི་མཚོ་ཁོངས་སུ་འབྱོར་མ་ཐག་པའི་ཅིང་ཀང་ཧྲན་དམག་གྲུ་དང་ཁམ་ཕུ་ཁྲེའི་ཝང་ཅ་ཅུན་མཚོ་དམག་གི་སྐོར་གཡེང་དམག་གྲུ་གཉིས་མཚོ་ཐོག་ནས་འཛོམས་པ་རེད།
    དེ་རྗེས་ཀྱི་མཐུན་སྦྱོར་ངང་མཚོ་འགྲུལ་བྱེད་པའི་དམག་སྦྱོང་ཁྲོད། ཅིང་ཀང་ཧྲན་དམག་གྲུ་དེ་གཞི་འཛིན་དམག་གྲུ་བྱས་པ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི་དམག་གྲུ་3ཕན་ཚུན་གཞོགས་འདེགས་བྱས་ཏེ། གཏན་ལ་ཕབ་པའི་ཁ་ཕྱོགས་དང་མྱུར་ཚད་གཞིར་བཟུང་། འཕྲེད་རྐྱང་རུ་ཁག་དང་། གཞུང་རྐྱང་རུ་ཁག རུ་གྲལ་འགེབས་སྲུང་སོགས་རུ་དབྱིབས་བསྒྱུར་བའི་སྦྱོང་བརྡར་གོ་རིམ་ལྡན་པའི་ངང་ལེགས་སྒྲུབ་བྱས་པ་རེད། འཕྲིན་གཏོང་དམག་སྦྱོང་ནང་། ཕྱོགས་གཉིས་པོའི་དམག་གྲུས་ཕྱོགས་གཅིག་ནས་དམིགས་འཛུགས་མཚོ་ཁོངས་སུ་བསྐྱོད་པ་དང་། ཕྱོགས་གཅིག་ནས་འཕྲིན་གཏོང་དམག་སྦྱོང་བྱས་པ་རེད། ཆུ་ཚོད་8དང་སྐར་མ་20ཡོལ་ཙམ་ལ། ཀྲུང་གོ་ཕྱོགས་ཀྱི་ཅིང་ཀང་ཧྲན་དམག་གྲུ་དང་ཁམ་ཕུ་ཁྲེའི་ཕྱོགས་ཀྱི་སྐོར་གཡེང་དམག་གྲུ་ལོགས་སུ་བསྐྱོད་པ་དང་བསྟུན། ད་རེས་ཀྱི་མཚོ་ཐོག་མཉམ་ལས་དམག་སྦྱོང་ལེགས་འགྲུབ་བྱུང་བ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དམག་དཔུང་གཉིས་ཀྱིས་མཚོ་ཐོག་དམག་སྦྱོང་བྱེད་ཐེངས་དང་པོ་ཡིན། དུས་འགོར་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཕྱོགས་གཉིས་པོས་དམག་སྦྱོང་ཇུས་གཞི་དང་དམག་གྲུའི་མཐུན་སྦྱོར་འཆར་གཞིའི་ཐད་གྲོས་བསྡུར་ཐེངས་མང་བྱས་ནས་ད་རེས་ཀྱི་དམག་སྦྱོང་ལེགས་འགྲུབ་ཡོང་བར་རྨང་གཞི་བཟང་པོ་བཏིང་ཡོད།