འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྕགས་དྲར་ཐོགས་པའི་གཙོད་ཅིག་བསྐྱབས་པ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་20ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྕགས་དྲར་ཐོགས་པའི་གཙོད་ཅིག་བསྐྱབས་པ།
    མི་དམངས་དྲ་བའི་འཕྲིན། ཚེས་13ཉིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི(གཤམ་དུ“མཚོ་བོད་ཚོགས་པ་ཀུང་སི”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་ཀུང་སི་དེའི་ལས་བཟོ་3གྱིས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་གཙོད་ཅིག་བསྐྱབས་པ་རེད། 
   ངོ་སྤྲོད་བྱས་པར་གཞིགས་ན། ཟླ་3ཚེས་12ཉིན་གྱི་ཆུ་ཚོད་11ཙམ་ལ། མཚོ་བོད་ཚོགས་པ་ཀུང་སིའི་ཟི་ལིང་གློག་དོན་དུམ་བུའི་ཧར་ཀའེ་བརྡ་རྟགས་འཁོར་ཁང་ཧར་ཀའེ་བརྡ་རྟགས་ལས་ཁུལ་གྱི་ལས་བཟོ་3ན་རེན་བར་གནས་ས་ཚིགས་ཀྱི་བརྡ་རྟགས་ཞིབ་བཤེར་འགྲོ་བའི་ལམ་བར་དུ། སྲོག་ཆགས་ཤིག་ལྕགས་དྲ་ལ་ཐོགས་ནས་ལུས་ཡོད་པ་མཐོང་། 
   ཞིབ་ཏུ་བལྟས་རྗེས། སྲོག་ཆགས་དེའི་རྐང་བ་ལྕགས་དྲར་ཐོགས་ཡོད་ཅིང་། གཟུགས་པོའི་ཆེ་ཆུང་ལ་ལི་སྨི་100ཡས་མས་ཡོད། རྐང་ལག་བཞི་ཧ་ཅང་ཕྲ་ཞིང་རྨིག་པ་ཆུང་། སྤུ་མཐུག་ལ་གདོང་དང་ལུས་རྒྱབ་ནི་སྨུག་མདོག་ཡིན་ཞིང་། རྭ་ཅོ་ནག་པོ་ཆ་གཅིག་སྐྱེས་ཡོད། རྭ་རྩེ་ནང་དུ་ཅུང་གུག་ཡོད། འཕོངས་མགོར་དཀར་ཐིག་ཅིག་ཡོད།  རྒྱབ་སྨུག་མདོག་དང་། བྲང་དང་རྐང་ལག་རྔ་མ་བཅས་དཀར་པོ་རེད་འདུག བརྟག་དཔྱད་བྱས་པ་བརྒྱུད། སྲོག་ཆགས་དེ་ནི་གཙོད་ཅིག་རེད།  
   དེ་ནས། མི་གསུམ་པོས་ལག་ཤུབ་གྱོན་ནས་གཙོད་ཀྱི་རྐང་པ་དཀྲིས་པའི་ལྕགས་ཐག་རེ་རེ་བཞིན་བཤིག་པ་རེད། “སྟབས་ལེགས་པ་ཞིག་ལ་ང་ཚོས་དུས་ཐོག་ཏུ་རིག་པ་ཡིན་པས། རྐང་པར་རྨས་སྐྱོན་བཟོས་མི་འདུག”ཅེས་ལས་བཟོ་བ་ཝང་ཧའེ་ཕིང་གིས་གསར་འགོད་པ་ལ་དེ་ལྟར་བཤད། ལྕགས་དྲ་ལས་ཐར་བའི་གཙོད་དེ་ཡར་ལངས་ཏེ་རྒྱང་རིང་ལ་བརྒྱུགས་སོང་། 
   ཕི་ཧྲི་ཡོན་གཙོད་ནི་དེ་སྔ་ནང་སོག་དང་། ཉིང་ཞ། ཀན་སུའུ། ཤིན་ཅང་། མཚོ་སྔོན་སོགས་སུ་རྒྱ་ཁྱབ་ངང་ཁྱབ་མྱོང་ཡོད་མོད། འོན་ཀྱང་། མིའི་རིགས་ཀྱི་བྱེད་སྒོའི་ཤུགས་རྐྱེན་ཐེབས་པ་དང་འཚོ་གནས་བྱེད་ས་ཇེ་ཞན་དུ་གྱུར་སྟབས། ད་ཆ་མཚོ་སྔོན་པོའི་མཐའ་འཁོར་གྱི་ས་ཁོངས་ཁག་གཅིག་ཁོ་ནར་འཚོ་ཡོད། དེ་ནི་མཚོ་གྲམ་བྱེ་འགྱུར་རྩྭ་ཐང་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་སྲོག་ཆགས་ཤིག་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ལྕགས་ལམ་ལམ་རྒྱུད་དུ་རང་བྱུང་མཛེས་ལྗོངས་ཕུན་སུམ་ཚོགས་ཤིང་། རི་སྐྱེས་སྲོག་ཆགས་རིགས་མང་པོ་ཡོད་པ་དང་ལྷག་པར་དུ་མཚོ་སྔོན་པོའི་ཉེ་འགྲམ་དུ་རྩྭ་ཆུ་བཟང་བས་རི་སྐྱེས་སྲོག་ཆགས་མང་པོ་ཞིག་དེ་གར་འཚོ་སྡོད་དང་རྒྱུད་སྤེལ་བྱེད་ཀྱི་ཡོད། 
༄༅།།ལྕགས་དྲར་ཐོགས་པའི་གཙོད་ཅིག་བསྐྱབས་པ།
༄༅།།ལྕགས་དྲར་ཐོགས་པའི་གཙོད་ཅིག་བསྐྱབས་པ།