འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་ཡུལ་སྐོར་སླར་གསོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་20ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་སོགས་ཀྱིས་གངས་འཁྱགས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་གངས་འཁྱགས་ཡུལ་སྐོར་བྱེད་སྒོ་དང་། ཆོབ་ཚ་བ་དང་། མྱོང་རོལ་རང་བཞིན། ཞུགས་སྤྲོ་བ། ཉམས་ལེན་རང་བཞིན་བཅས་ལྡན་པའི་གངས་འཁྱགས་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་བཏང་བས། གངས་འཁྱགས་ཡུལ་སྐོར་དེ་ཉིད་དགུན་དཔྱིད་ཡུལ་སྐོར་གྱི་འཛད་སྤྱོད་བྱེད་མང་ཤོས་སུ་གྱུར་བ་རེད། མིག་སྔའི་བར། ཡུལ་སྐོར་བ་མི་ཐེངས་ཁྲི་135ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.7ཟིན་ནས་ཞིང་ཆེན་དེ་ཡོངས་ཀྱི་གངས་འཁྱགས་ཡུལ་སྐོར་ལ་ཚ་རླབས་འཕྱུར་བ་དང་སླར་གསོ་བྱུང་ཡོད་པ་རེད།
     བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཞིང་ཆེན་དེར་གངས་འཁྱགས་ཡུལ་སྐོར་རྣམ་གྲངས་སྣ་ཚོགས་19ཡོད་པ་ལས་མི་1000ལྷག་ཙམ་ཐད་ཀར་རམ་ཡང་ན་ཞོར་དུ་ལས་ཞུགས་ཐུབ་ཡོད་པ་རེད། ཞིང་ཆེན་དེས་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་ཀྲོའུ་བཅས་གཙོ་གནད་དུ་བྱས་ནས་གངས་འཁྱགས་ཡུལ་སྐོར་ཁྱབ་གདལ་བཏང་སྟེ་མང་ཚོགས་ཀྱི་གངས་འཁྱགས་ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་སྔར་བས་བསྐངས་ནས་ཞིང་ཆེན་དེའི་དགུན་དུས་ཡུལ་སྐོར་ལ་སྐྱེ་སྟོབས་དང་གསོན་ཤུགས་དེ་བས་མང་བ་འཕེལ་བར་བྱ་རྒྱུ་རེད།